༡.༢ ཞིབ་བརྟག་གནས་ཚུལ་བསྡུ་བཀོད་སྐོར་གྱི་བཅོས་གཏམ།


འ་ནི་འདི་ སྤྲོ་སྣང་ཅན་ཨིན།

“གློག་བརྟན་ ཨཱལ་ད་པེར་སི་ཌེནསི་མེན་” (All the president’s Men) ཟེར་མི་བརྡ་བྱང་རི་མོ་གུ་ ཊར་གེཊི་གི་ཞིབ་བརྟག་གནས་ཚུལ་འབྲི་མི་ བོབ་ཝུཌི་ཝཌི་དང་ ཀཱརལ་བར་ནིས་ཊེན་གཉིས་མེན་པར་ གློག་བརྙན་གྱི་འཁྲབ་རྩེདཔ་ རོ་བཊི་རེཌི་ཕོཌི་དང་ ཌསི་ཊིན་ཧོཕ་མཱེན་ བཀོད་དེ་ཡོད་མི་ཡང་ དོན་དག་ཅིག་འདུག། འདི་ཤེས་དགོཔ་ཁག་ཆེ་། ལཱ་ངོ་མ་སྦེ་འབད་བལྟཝ་ད་ ཞིབ་བརྟག་བརྡ་བརྒྱུད་འདི་ ལཱ་ཁག་དང་ དབངཔོ་ངལ་སི་སི་ཡོད་པའི་ཁར་ འཕྲལ་འཕྲལ་ར་ ཉེན་ཁ་ཅན་ཡོདཔ་ཨིན།

བརྡ་བརྒྱུདཔ་ཚུ་ ཁོང་གིས་བསྡུ་བཀོད་འབད་མི་ གནས་ཚུལ་ཚུ་ལས་ཁག་ཆེ།

ཞིབ་བརྟག་བརྡ་བརྒྱུད་དེ་ མི་མང་གི་ཞབས་ཏོག་ཅིག་ཨིནམ་ལས་ ངོམ་སྟོན་ས་མེན། ཞིབ་བརྟག་བརྡ་བརྒྱུདཔ་ཅིག་འབདཝ་ད་ ཁྱེད་ལུ་ཁྱད་རིག་གི་ཀུན་སྤྱོད་གནས་ཚད་ལས་འགལ་ཆོག་པའི་ ཐོབ་དབང་སྤྲོདཔ་མེན།

ཞིབ་བརྟག་བརྡ་བརྒྱུདཔ་འདི་ རང་རྐྱང་ལས་བྱེདཔ་ཨིན།

གློག་བརྙན་ཅིག་བཟོ་བའི་སྐབས་ འཁྲབ་རྩེདཔ་གཙོ་བོ་གཅིག་ཡོད་པ་ཅིན་ སྲུང་འགྲེལ་བཤད་འབད་ནི་ལུ་འཇམ་ཏོང་ཏོ་འོངམ་ཨིན་རུང་ ཞིབ་བརྟག་བརྡ་བརྒྱུད་ནང་ སྡེ་ཚན་གྱི་ཐོག་ལུ་ལཱ་མ་འབད་བ་ཅིན་ ཡུན་བརྟན་སྦེ་ གནས་མི་ཚུགས།

ཞིབ་བརྟག་བརྡ་བརྒྱུད་འདི་ གཙོ་བོ་ སྒེར་གྱི་བརྡ་བརྒྱུད་ཚུ་གིས་ ལག་ལེན་འཐབ་ཨིན།

དེ་ལུ་ བདེན་པ་དུམ་གྲ་ཅིག་ཡོད། ཨིན་རུང་ གཞུང་དབང་བརྡ་བརྒྱུད་ཚུ་གིས་གཞུང་གི་རྒྱབ་འགལ་ལུ་ ཞིབ་དཔྱད་འབད་ཡོད་པའི་ ཡོངས་གྲགས་ཅན་གྱི་དཔེ་ ལེ་ཤ་ཅིག་ཡོད།

ཞིབ་བརྟག་བརྡ་བརྒྱུད་ཀྱིས་ གནས་ཚུལ་ངན་པ་ཚུ་ལུ་རྐྱངམ་གཅིག་ གཙོ་བོར་བཏོནམ་ཨིན།

མི་སྡེ་དང་ ཁོང་ལུ་ཁྱབ་པའི་ བརྡ་བརྒྱུད་ཚུ་གི་གཙོ་རིམ་དེ་ ནོར་བ་ཚུ་ གསལ་སྟོན་འབད་ནི་དང་ དེ་ཚུ་བཅོ་ཁ་རྐྱབ་ནི་འདི་ཨིན། ཨིན་རུང་ ཞིབ་བརྟག་བརྡ་བརྒྱུད་ཀྱིས་ཡང་ ལེགས་པའི་ཆ་རྐྱེན་གྱི་གནས་ཚུལ་ཚུ་ གསལ་སྟོན་འབད་ནིའི་ ལཱ་འགན་ཡང་འབག་དགོ། དཔེར་ན་ མི་མང་ ཡང་ན་ མི་སྡེ་ཚུ་གི་ ཚད་སྙོམས་མེད་མི་དང་ མནོ་ལུགས་ངན་པ་ཚུ་ལུ་ རྒྱབ་འགལ་འབད་ནི་དེ་གིས་ ཞིབ་བརྟག་གི་གནས་ཚུལ་ ངོ་མ་དང་ ལེགས་ཤོམ་གྱི་ གཞི་རྟེན་ཅིག་ལུ་འགྱུར་འོང་། སྤྱོད་ངན་ལོ་རྒྱུས་སྤེལ་མི་དང་ གསང་བའི་གནས་ཚུལ་འཚོལ་ནི་དེ་གིས་ གཞན་གྱི་སྒེར་དབང་མི་ཚེ་ལུ་ གནོད་ནི་ལས་བརྒལ་ཏེ་ དགོས་དོན་གཞན་འགྲུབ་མི་ཚུགས། མི་ངོའི་སྤྱོད་ངན་ལས་ལྷག་སྟེ་ མི་མང་གི་མཐའ་དོན་ལུ་ ཕན་ཐོགས་དངོས་སུ་ཡོད་པའི་ གནད་དོན་ཚུ་ལུ་ ཞིབ་དཔྱད་འབད་དགོ།

ཞིབ་བརྟག་གནས་ཚུལ་དེ་ གནས་ཚུལ་བསྡུ་བཀོད་ལེགས་ཤོམ་ཙམ་ཅིག་ཨིན།

བཅོས་གཏམ་འདི་ སྔར་སྲོལ་གྱི་མནོ་ལུགས་ནང་ བརྡ་བརྒྱུདཔ་ཚུ་ སྐྱོན་འཚོལ་ཏེ་ མཛུབ་མོ་དཔག་ནི་དང་ འགྱུར་བ་འབག་འོང་ནི་གི་དམིགས་དོན་ཡོད་པའི་ལྟ་རྟོག་པ་ཅིག་བཟུམ་སྦེ་ མཐོང་མི་ལས་འབྱུངམ་ཨིན། སྤྱོད་ངན་ཚུ་་བཀག་ཚུགས་པའི་རེ་བ་བསྐྱེད་ཐོག་ ངན་ལྷད་ཅན་གྱི་མི་ངོ་ཚུ་ གསལ་སྟོན་འབད་དགོཔ་འདི་ གལ་ཅན་ཨིན་རུང་ ཞིབ་བརྟག་སྙན་ཞུ་དེ་ འ་ནེཅིག་ལུ་མཇུག་བསྡུ་སྟེ་ སྐྱོན་ཅན་ལམ་ལུགས་དེ་ལུ་ ཞིབ་དཔྱད་མ་འབད་བ་ཅིན་ དེ་བཟུམ་མའི་ལཱ་ངན་འབད་མི་ གསརཔ་ཚུ་གི་དོན་ལུ་ ས་སྒོ་བཟོ་དོ་བཟུམ་ཅིག་ཨིན། ཞིབ་བརྟག་གནས་ཚུལ་ ལེགས་ཤོམ་ཅིག་ནང་ དཀའ་ངལ་གཙོ་བོ་ཚུ་ངོས་འཛིན་འབད་དེ་ སྐྱོན་དེ་ཚུ་བསུབ་ཚུགས་མི་ འབྲེལ་བ་ཅན་ཚུ་ལུ་ དྲན་བསྐུལ་འབད་དགོ། དབང་ཚད་ཡོད་མི་ཚུ་གིས་ དཀའ་ངལ་དེ་ཚུ་ བསལ་མ་བཏུབ་པ་ཅིན་ ག་ཅི་སྦེ་ཨིན་ན་ བཤུལ་དཔྱད་ཀྱི་གནས་ཚུལ་ཅིག་འབྲི་དགོ།