ཁྱོད་ཀྱི་ལས་འགུལ་འཆར་གཞིའི་ ཆ་ཤས་གཙོ་བོ་ གཞན་མི་གཅིག་ འཆར་དངུལ་ཨིན། ཁྱོད་ཀྱི་ཞིབ་དཔྱད་དེ་ལུ་ མ་དངུལ་དང་ ཐོན་ཁུངས་གཞན་ ག་དེམ་ཅིག་དགོཔ་ཡོད།
འཆར་དངུལ་གྱི་གྲངས་སུ་ཚུད་དགོཔ་ལ་ལོ་ཅིག࿒
- > འགྲོ་འགྲུལ་ཟད་འགྲོ་ – ཁྱོད་ར་དང་ ཁྱོད་རའི་འབྱུང་ཁུངས་ཚུ་གི་དོན་ལུ་ གནམ་གྲུའི་གླ་ཆ་དང་ སྣུམ་འཁོར་བརྙ་གླ་ གནས་གླ་ བཟའ་འཐུང་གི་རིན།
- > གྲོས་བསྟུན་གླ་འཐུས་ – དཔེར་ན་ སྐད་སྒྱུར་པ་དང་ ཡིག་ཐོག་ལུ་ཕབ་མི་ ཡང་ན་ ཞབས་ཏོག་བྱིན་མི་གཞན།
- > བརྒྱུདའབྲེལ་/བརྡ་དོན་སྤྲོད་ལེན་གྱི་ཟད་འགྲོ་- བརྒྱུད་འཕྲིན་གྱི་རྩིས་ཐོ་ ཡང་ན་ ཡོངས་འབྲེལ་སྤྱོད་འཐུས།
- > ཡིག་ཆས་འཚོལ་ནི་ ཡང་ན་ ངོས་སྦྱོར་ཅན་གྱི་ ཡིག་ཆའི་འདྲ་བཤུས་ལེན་ནིའི་གླ་འཐུས།
སྡེ་ཚན་ཐོག་ལུ་ ལཱ་འབདཝ་ཨིན་པ་ཅིན་ འཆར་དངུལ་གྱི་གྲངས་སུ་ གོ་བསྡུར་ཞལ་འཛོམས་ ཡང་ན་ ས་ཁོངས་བལྟ་སྐོར་ཚུ་ཡང་ཚུད་དགོ།
འཛམ་གླིང་ནང་གི་གནས་ཚུལ་ལས་ཁང་ཚུ་ལུ་ མ་དངུལ་ལངམ་མེད་པའི་ དཀའ་ངལ་ཡོད། ཡུ་ཨེསི་གི་ གསར་ཤོག་ལས་ཁང་སྦོམ་ཚུ་གིས་ ཞིབ་དཔྱད་ཀྱི་དོན་ལུ་ མ་རྩ་བཙུགས་མི་དེ་གིས་ གོང་འཕེལ་འགྱོ་བའི་བསྒང་གི་ རྒྱལ་ཁབ་ཅིག་གི་ གསར་ཤོག་ཆུང་ཀུ་ཅིག་ལུ་ ལོ་ཅིག་གི་ཟད་འགྲོ་ལང་ཚུགས། ཁྱོད་ར་ མ་འངུལ་མེད་པའི་ གསར་ཤོག་ཅིག་ནང་ ལཱ་འབད་མི་ཨིན་པ་ཅིན་ རིག་རྩལ་གྱི་སྒོ་ལས་ རྒྱབ་སྐྱོར་གྱི་འབྱུང་ཁུངས་གཞན་ འཚོལ་བ་ཅིན་དྲག། དེ་ཡང་ རྒྱལ་སྤྱིའི་གྲོགས་རམ་ལས་ཚོགས་ལས་ འགོ་བཙུགས་པ་ཅིན་ ལེགས་ཤོམ་འོང་། ཨིན་རུང་ གྲོགས་རམ་བྱིན་མི་ཚུགི་ ཀུན་སློང་བལྟ་དགོཔ་འདི་གལ་ཆེ། ཐབས་ཤེས་གཞན་མི་གཅིག་འདི་ མི་ཚོགས་མ་དངུལ་བསྡུ་ལེན་འབད་ནི་དེ་ཨིན། དེང་སང་ ཞིབ་བརྟག་བརྡ་བརྒྱུད་ལས་འགུལ་གྱི་དོན་ལུ་ མ་དངུལ་འཚོལ་ནི་དེ་ དར་ཁྱབ་འགྱོ་དོ། ཨིན་རུང་ དེ་ལུ་དོ་འགྲན་འབད་མི་ ལེ་ཤ་འཐོནམ་ལས་ ཐོབ་ཚུགས་པར་ ལཱ་ཁག་ཡོད།
གྲོགས་རམ་གྱི་ འོས་བབ་ཡོད་པའི་ མཐུན་ཚོགས་དང་ མི་ཚོགས་མ་དངུལ་བསྡུ་ལེན་ དེ་ལས་ མཐར་འཁྱོལ་ཅན་གྱི་ ལས་འགུལ་ཚུ་གི་ དཔེ་ཚད་ཚུ་ འོག་གི་ཡོངས་འབྲེལ་ཁ་བྱང་ཚུ་ནང་ལས་འཐོབ།
- http://gijn.org/resources/grants-and-fellowships/
- http://gijn.org/resources/crowdfunding-for-journalists-2/
བརྡ་བརྒྱུདཔ་མང་ཤོས་ཅིག་གིས་ གནས་ཚུལ་གྱི་འབྱུང་ཁུངས་ཚུ་ལུ་ གླ་འཐུས་སྤྲོད་ནི་དེ་ གནས་སྐབས་ལེགས་ཤོམ་ཅིག་མེནམ་འབད་ ཆ་བཞགཔ་ཨིན། དེ་ཡང་ གླ་འཐུས་སྤྲོད་པ་ཅིན་ ཁོང་གིས་ཤོབ་རྐྱབ་ནི་དང་ གནད་དོན་ཚུ་ལུ་ སྒྲོ་བཏགས་ནི་གི་ གོ་སྐབས་བྱིན་པའི་ཁར་ ལྷག་པར་དུ་ འབྱུང་ཁུངས་ཚུ་གིས་ ཁོང་གི་བསམ་བཤད་ཚུ་ ཕྱིར་བཏོན་འབད་བ་ ཡང་ན་ དམའ་ཕབ་འབད་བ་ཅིན་ གླ་འཐུས་སྤྲོད་ནི་དེ་གིས་ བལྟབ་ལོག་རྐྱབ་ཨིན། དེ་བཟུམ་གྱི་ཀུན་སྤྱོད་ངན་པ་གིས་ ཁྱོད་རའི་གསར་ཤོག་གི་ མིང་གཏམ་མེདཔ་གཏང་ནི་ ཡང་ན་ ཁྱོད་ཀྱི་ཞིབ་བརྟག་གནས་ཚུལ་དེ་ལུ་ དོགས་པ་ཆགས་འོང་། ཨིན་རུང་ རེ་ཚེ་སྐབས་ ལ་ལོ་ཅིག་ལུ་ དུས་ཚོད་རྫོགས་མི་དང་ འགྲོ་འགྲུལ་གྱི་ཟད་འགྲོའི་རྒུད་འཐུས་ དུམ་གྲ་རེ་སྤྲོད་ནི་ཡོད། དེ་གི་སྐབས་ལུ་ ཕྱོགས་གཉིས་ར་གིས་ དངུལ་དེ་ ག་ཅི་གི་དོན་ལུ་ཨིན་ན་ ཁ་གསལ་སྦེ་ཤེསདགོཔ་དང་ དངུལ་དེ་ཡང་ ཉུང་མཐའི་ཚད་གཞི་གུ་སྤྲོད་དགོ། འབྱུང་ཁུངས་ཚུ་གིས་ ཁྱོད་དང་ ཁྱོད་ཀྱི་གསར་ཤོག་ལུ་ བརྡ་དོན་བྱིན་ཏེ་ ཆ་རོགས་འབདཝ་མེན་པར་ གནོད་སྐྱོན་བྱུང་མི་ མི་སྡེ་ ཡང་ན་ སྤྱི་ཚོགས་ལུ་ གྲོགས་རམ་འབདཝ་ཨིནམ་སྦེ་ འབྱུང་ཁུངས་ཚུ་ལུ་ དྲན་གསོ་འབད་དགོ།
འགོ་དཔོན་ཅིག་ལུ་ བཅར་ཐབས་དང་ བརྡ་དོན་ཐོབ་ནི་ལུ་ ནང་གསུག་བྱིན་ནི་དེ་ཡང་ ལཱ་ངན་ཅིག་ཨིན། དེའབདཝ་ད་ མི་སྡེ་ལ་ལོ་ཅིག་ནང་ ཁ་ཟས་ལག་ཟས་ཕྱམ་ཕྱེམ་ དཔེར་ན་ མངར་ཆུ་ལ་སོགས་པ་ དུམ་གྲ་རེ་ མཁོ་འདོད་བཀོད་སྲོལ་ཡོད། དེ་བཟུམ་མའི་གནས་སྟངས་ནང་མི་ཚུ་སེམས་མ་ལྷུ་བ་ཅིན་ ལཱ་འབད་ཚུགས་པར་ ལཱ་ཁག་ཡོད། ཨིན་རུང་ དེ་བཟུམ་མའི་སྣང་ཆུང་གི་ སྤྲོད་ལེན་ཚུ་གིས་ཡང་ ཁྱོད་ཀྱི་ཞིབ་དཔྱད་ཀྱི་ལཱ་ལུ་ ཉེན་ཁ་ཡོད། ཨ་རྟག་བྱིན་སྲོལ་ཡོད་པའི་ སྔྣང་ཆུང་གི་ཟས་ཨིན་རུང་ ལས་བྱེདཔ་དེ་གིས་ ཁོ་རའི་འགོ་འཛིན་ ཡང་ན་ དོ་འགྲན་འབད་མི་ བརྡ་བརྒྱུད་ལས་ཁང་ཚུ་ལུ་སླབ་པ་ཅིན་ ནང་གསུག་བྱིན་པའི་གྲངས་སུ་ཚུདཔ་ཨིན། དེ་བཟུམ་བྱིན་ཡོད་པའི་སྐོར་ ཉོག་བཤད་ཐོན་པ་ཅིན་ གནས་ཚུལ་ལྷག་མི་ཚུ་ལུ་ འོས་ལྡན་གྱི་བདེན་ཁུངས་ བཀོད་ཐབས་འབད་དགོ། མ་གཞི་གིས་ དེ་བཟུམ་གྱི་ནང་གསུག་ ཕྱམ་ཕྱེམ་བྱིན་ཏེ་ མཐུན་ལམ་བཟོ་ནི་མེན་པར་ རང་གི་ལཱ་གི་ གལ་གནད་བཤད་པ་རྐྱབ་སྟེ་ མཉམ་འབྲེལ་དང་ མཐུན་ལམ་བཟོ་བ་ཅིན་ ལེགས་ཤོམ་ཨིན།