༡. གནས་སྡུད་ཉེན་སྲུང་འབད་ཐངས།

༡. གནས་སྡུད་ཉེན་སྲུང་འབད་ཐངས།


ཁྱོད་རའི་གནས་སྡུད་ཚུ་ ཉེན་སྲུང་འབད་དགོཔ་འདི་ ག་ནི་བ་ གལ་ཅན་ཅིག་ཨིན་པའི་ནང་ལས་ གཙོ་བོ་ དབང་ནུས་ཅན་གྱི་མི་ངོ་ འབྲེལ་གཏོགས་ཡོད་ས་དང་ འགྲོ་བ་མི་ལུ་ རང་དབང་གངམ་མེད་པའི་ རྒྱལ་ཁབ་ཅིག་ནང་ རྩོད་རྙོག་ཅན་གྱི་གནད་དོན་ཅིག་ ཞིབ་བརྟག་འབདཝ་ཨིན་པ་ཅིན་ ལྷག་པར་དུ་ གལ་ཆེཝ་ཨིན། ཁྱོད་ཀྱི་ལཱ་དེ་ ཕྱིར་ཁྱབ་འགྱོ་ནི་ལུ་ མ་དགའ་མི་ཚུ་གིས་ ཁྱོད་ཀྱི་ཞིབ་འཚོལ་དེ་ལུ་ གཡོ་བཅོས་འབད་འོང་ ཡང་ན་ བྱ་བལྟ་འོང་། རང་ལུ་བར་ཆད་རྐྱབ་མི་བལྟ་ནི་དེ་ འུ་སྡུག་པའི་ལཱ་ཅིག་ཨིན་རུང་ ཁྱོད་ཀྱིས་འབད་མི་ཞིབ་བརྟག་གི་གྲུབ་འབྲས་དེ་ མི་མང་ལུ་ ཁྱབ་བརྡལ་འགྱོ་ནི་ལས་ བཀག་ཆ་འབད་ནིའི་ དང་འདོད་བསྐྱེད་མི་ ག་འོང་སྲིད་ག་ རང་གིས་རང་ལུ་ འདྲི་བ་ཅིན་ ལེགས་ཤོམ་ཨིན། མནོ་བསམ་གཏང་དགོ་པའི་ དྲི་བ་གཞན་ཡང་ མི་ངོ་དེ་ཚུ་ལུ་ ཐབས་ལམ་ག་ཅི་འདུག? ཁྱོད་ཀྱི་ཞིབ་འཚོལ་འདི་ འགྲོ་བ་མི་ལུ་བརྟེན་ཏེ་ཨིན་ན་ ཡང་ན་ ཨང་ཅན་འབྱུང་ཁུངས་ལུ་བརྟེན་ཏེ་ཨིན་ན? ཁྱོད་རའི་ལཱ་གི་ཉེན་སྐྱོབ་ལུ་ ཉེན་སྲུང་ལག་ཆས་ ག་ཅི་ར་ཡོད?

ཁྱོད་རའི་འབྱུང་ཁུངས་ཚུ་གིས་ཡང་ དྲན་པ་བཏོན་དགོཔ་འདི་ སོ་སོ་སྦེ་ སླབ་མ་དགོཔ་ཅིག་ཨིན། ཁོང་ཆ་ཁྱབ་ལུ་ གཞན་གྱིས་གསང་འཛུལ་ལས་ སྲུང་སྐྱོབ་འབད་ནིའི་ ཉེན་སྲུང་ལག་ཆས་ཚུ་གི་སྐོར་ལས་ ཤེས་གསལ་ཡོདཔ་ ངེས་གཏན་བཟོ་དགོ། མ་གཞི་གིས་ ཉེན་སྲུང་བརྒྱ་ཆ་ཐམ་པ་འདི་ རྩ་ལས་ར་ འབད་མི་ཚུགས། ཨིན་རུང་ ཁྱོད་རའི་ལྡོག་ཕྱོགས་ཚུ་གིས་ ཁྱོད་ཀྱི་ཐབས་འཕྲུལ་དང་ དེ་ནང་བསགས་ཏེ་ཡོད་པའི་ བརྡ་དོན་ཚུ་འཐོབ་ནི་ལུ་ ཧེང་བཀལ་ལཱ་ཁག་དང་ ཟད་འགྲོ་ཅན་ དུས་ཡུན་རིངམ་འགོར་ནིའི་ ཐབས་ལམ་བཏོན་དགོཔ་ཨིན།

འོག་གི་ལེའུ་དེ་གིས་ ཁྱོད་ཀྱི་ཐབས་འཕྲུལ་ཚུ་ སྲུང་སྐྱོབ་འབད་ནིའི་ཕན་ཐབས་ལུ་ ཉེན་སྲུང་ཐབས་རིག་ཚུ་གི་ སྤྱི་དོན་ཅིག་བཤད་ནི་ཨིན། ཡོངས་འབྲེལ་ནང་གི་རིམ་ལུགས་ཚུ་ ཨ་རྟག་ར་ སྒྱུར་བཅོས་འབད་དོ་ཡོདཔ་ལས་ མཉེན་ཆས་ག་ནི་ཡང་ གཞི་བཙུགས་མ་འབདཝ་ལས་ མཐའ་མཇུག་ལུ་ཐོན་ཡོད་པའི་ དུས་མཐུན་རིམ་ལུགས་ རེ་རེ་བཞིན་དུ་ ཞིབ་དཔྱད་འབད་དགོ། ཞབས་ཏོག་དེ་ཚུ་ལུ་ ཟད་འགྲོ་གཏང་ནི་ལུ་ ཕངས་སེམས་མ་བསྐྱེད། ཁྲོམ་ཁ་ལས་ མཉེན་ཆས་ཚུ་ རིན་མེད་སྟོང་མར་དང་ རིན་དངུལ་སྤྲོད་དེ་ འཐོབ་ནི་ཡོད། རང་གི་དགོས་མཁོ་ལུ་ འོས་འབབ་ཆེ་ཤོས་འབད་མི་རིམ་ལུགས་ ག་དེ་ཨིན་ན་བལྟ་ཞིནམ་ལསཐོན་རིམ་ག་འདི་ ལག་ལེན་འཐབ་ནི་ཨིན་ན་ ཐག་བཅད་དགོ། ང་བཅས་ཀྱིས་ རྒྱབ་སྣོན་འབད་ནི་དེ་ཡང་ བརྡ་དོན་འཕྲུལ་རིག་མཁས་མཆོག་གཞན་ཚུ་གིས་ རིན་དངུལ་སྤྲོད་མ་དགོ་པར་ གསང་ཨང་ལེན་ཚུགས་པའི་ ཀུན་ཁྱབ་མཉེན་ཆས་ཚུ་ ཐོབ་ཚུགས་ག་མི་ཚུགས་བལྟ་དགོ། ཀུན་ཁྱབ་མཉེན་ཆས་ཚུ་གི་ ཉེན་སྲུང་ལུ་གནོད་ཉེན་བྱུང་པ་ཅིན་ མགྱོགས་པ་ར་ ཤེས་རྟོགས་འབྱུང་ཚུགསཔ་ཨིན། སྒེར་གྱི་མཉེན་ཆས་ཚུ་འབད་བ་ཅིན་ ཁོང་གི་གསང་ཨང་ གསལ་སྟོན་འབད་སྲོལ་མེདཔ་ལས་ གནོད་ཉེན་གྱི་ཞིབ་དཔྱད་འབད་ནི་ ཡང་ན་ གནོད་ཉེན་རྩ་མེད་གཏང་ནི་དེ་ དེའི་ཇོ་བདག་རྐྱངམ་གཅིག་གིས་མ་གཏོགས་ གཞན་གྱིས་འབད་མི་ཚུགས།