༤.༢ ཐིག་ཁྲམ།


ཨང་ཡིག་དང་ ཐིག་ཁྲམ་ཚུ་ འགྲེལ་བཤད་རྐྱབ་པའི་སྐབས་ ཐོག་མར་ ཐིག་ཁྲམ་ཐོག་ལས་འགོ་བཙུགས་དགོ། ཐིམ་ཁྲམ་འདི་གི་ འཇལ་ཚད་དང་ འགོ་བཙུགས་སའི་ ལྟེ་བ་འདི་ཧ་གོ་དགོ། ཐིག་ཁྲམ་འདི་གི་ཐོག་ལས་ འཇལ་ཚད་ཆུང་ཀུ་ཅིག་ཡར་སེང་ནི་དང་ འགྱུར་བ་ཡོད་སའི་མཚམས་ལས་འཇལ་ཚད་འདི་འགོ་བཙུགས་པ་ཅིན་ འཇམ་ཏོང་ཏོ་སྦེ་ ཡ་མཚན་ཆེ་ཏོག་ཏོ་བཟོ་ཚུགས། ཐིག་ཁྲམ་འདི་འགྲེལ་བཤདརྐྱབ་པའི་སྐབས་ ཟུར་ཆ་དང་ བརྒྱ་ཆའི་ཚད་གཞི་ལུ་དོགས་པ་ཟ་དགོ། གོང་གི་ དཔེ་ཚད་དང་ ག་བསྡུར་སྡེ་ཚན་ཚུ་སེམས་ཁར་བཞག་དགོ

རེ་སྐབས་ཅིག་ གྱངས་ཁ་གཉིས་ཀྱིས་ དཔེ་གཞི་ཅོག་འཐདཔ་སྦེ་སྟོན་དོ་བཟུམ་མཐོང་འོང། ཨིན་རུང་ འདི་གཉིས་ཀྱི་བར་ན་ གཅིག་གིས་གཅིག་ལུ་ངོ་བོའི་འབྲེལ་བ་ཡོད་པ་དང་ རྒྱུ་འབྲས་ཀྱི་འབྲེལ་བ་སོགས་ག་ནི་ཡང་སྟོནམ་མེན། ཨ་ལོ་ཚུ་ ལོ་སྦོམ་འགྱོ་ཡི་ར་ གཟུགས་སྟོབས་སྦོམ་ཐལ་ནི་ཡོད། ལོ་སྦོམ་ནི་དང་གཅིག་ཁར་ཁ་སླབ་ཐངས་ཀྱི་རིག་རྩལ་ཡང་འདི་དང་འདྲཝ་སྦེ་གོང་འཕེལ་འགྱོ་འོང་།འདི་འབདཝ་ད་ ཕྱིའི་གཟུགས་སྟོབས་སྦོམ་ཐལ་ནི་འདི་གིས་ ཁ་སླབ་ཐངས་ཀྱི་རིག་རྩལ་གོང་འཕེལ་འགྱོཝ་མེན། དོ་རུང་ འདི་གཉིས་ཀྱི་འབྲེལ་བ་ག་ཅི་སྦེ་དགོཔ་ཨིན་ན་ ཤེས་ནི་གི་དོན་ལུ་ ཐིག་ཁྲམ་དང་ ཤོག་ཁྲམ་ཚུ་ལེགས་ཤོམ་སྦེ་བལྟ་དགོ།འབྲེལ་བ་འདི་བདེན་ཁུངས་བཟང་ནིའི་དོན་ལུ་ འདི་དང་ཆ་འདྲ་བའི་གནས་སྟངས་ཐོག་ལུ་ ཞིབ་འཚོལ་ཡང་དག་ཅིག་འབད་དེ་འདུག་ག? དཔེ་འདི་བཟུམ་སྦེ་ གནད་དོན་གཅིག་གི་ཤུལ་ལས་གཅིག་བྱུང་མི་འདི་ ངེས་པར་དུ་ གནད་དོན་ཤུལ་མམ་དེ་ཧེ་མམ་ལུ་བརྟེན་ཏེ་ བྱུང་བྱུངམ་ཨིན་པའི་ཁུངས་བཀལ་མི་ཚུགས། གནས་སྡུད་རྐྱངམ་གཅིག་གིས་བདེན་ཁུངས་ག་ནི་ཡང་བཀལ་མི་ཚུགས། ཞིབ་འཚོལ་གྱི་སྐབས་སུ་ སྐབས་དོན་འདི་དབྱེ་ཞིབ་འབད་དེ་ ཤུལ་མམ་གྱི་གནད་དོན་དེ་ ཧེ་མམ་གྱི་གནད་དོན་ལུ་བརྟེན་ཏེ་ བྱུང་བྱུངམ་ཨིནམ་ཁུངས་བཟང་ཚུགས་པའི་ ཐབས་རིག་ངེས་ཏིག་ཅིག་དགོ

གནས་སྡུད་ཀྱི་གནད་དོན་དབྱེ་ཞིབ་འབད་བའི་སྐབས་ གཙུག་སྡེ་ག་གིས་བརྟག་ཞིབ་འབད་ནུག་ག་དང་ གཙུག་སྡེ་འདི་ལུ་ཁེ་ཕན་ཡོད་མེད་ཚུ་དབྱེ་བ་དཔྱད་དགོ། Philip Morris International Inc. ཟེར་མི་ལས་སྡེ་དེ་གིས་ གློག་མེའི་ཏམ་ཁུ་གི་ཐོག་ལུ་ཚོད་བརྟག་གྲུབ་འབྲས་སྙན་ཞུ་གུ་ རོའི་ཊར་གནས་ཚུལ་ལས་ཁང་གིས་བརྟག་ཞིབ་འབད་ཡོདཔ་ཨིན། ལས་སྡེ་འདི་གིས་ གློག་མེའི་ཏམ་ཁུ་འདི་ ཀཱོ་ཕི་ཇ་ཕོརཔ་གང་འཐུང་འཐུངམ་བཟུམ་མའི་གནོད་པ་ཙམ་ལས་མེད་ཟེར་ གློག་མེའི་ཏམ་ཁུ་བཟོ་སྐྲུན་འབད་ནིའི་འཆར་གཞི་ཡོདཔ་ཨིན། Reuter གནས་ཚུལ་ལས་ཁང་གིས་ རྩོམ་བྲིས་ནང་ ཞིབ་འཚོལ་སྙན་ཞུ་ཚུ་ཕྱི་འགྱུར་སྦེ་འགྲེལ་བཤད་རྐྱབ་དོ་ཡོད་པའི་སྐོར་གསལ་བཏོན་འབད་ནུག།། གཙུག་ལག་སློབ་སྡེ་ཚུ་གིས་འགོ་འདྲེན་འཐབ་ཡོད་པའི་ཞིབ་འཚོལ་ཚུ་ལུ་ཡང་དབྱེ་ཞིབ་འབད་དགོ། སྒེར་པ་ཚུ་གིས་ ཞིབ་འཚོལ་གྱི་མ་དངུལ་གྲོགས་རམ་ཚུ་བྱིན་ཏེ་ ཁོང་རའི་ཁེ་ཕན་ལུ་བལྟ་སྟེ་ཞིབ་འཚོལ་འབད་བཅུགཔ་ད་ ལས་ཁུངས་ལ་ལུ་ཅིག་གིས་ ཏི་རུ་གི་དབང་ལུ་ཐལ་བའི་ ཞིབ་འཚོལ་ཚུ་འབད་ནིའི་ཉེན་ཁ་ཡོད།