འབྱུང་ཁུངས་ཚུ་ འཚོལ་ནི་དང་ བསྡུ་སྒྲིག་འབད་ནི་ དེ་ལས་ བདག་འཛིན་འཐབ་ནི་ཚུ་ ཞིབ་བརྟག་བརྡ་བརྒྱུདཔ་ཚུ་གི་དོན་ལུ་ ཁག་ཆེ་ཏོག་ཏོ་ཅིག་ཨིན། དུས་རྒྱུན་དུ་ དཔང་པོ་དང་ ལག་ལེན་དངོས་སུ་འཐབ་མི་ ཉམས་མྱོང་ཅན་ ཡང་ན་ གནས་ཚུལ་འདི་ནང་ ཐད་ཀར་འབྲེལ་བ་ཡོད་མི་ཚུ་ འབྱུང་ཁུངས་ཁག་ཆེ་ཤོས་དང་ ཁུངས་དག་ཤོས་ གསལ་ཤོས་ཅིག་ཨིན། འབྱུང་རྐྱེན་ས་ཁོངས་ནང་ཡོད་པའི་ མི་ཚུ་གི་མིང་གསལ་ཚུ་ ཞིབ་ཞིབ་སྦེ་འཚོལ་ཏེ་ དཔང་པོ་ངོས་འཛིན་འབད་དགོ། གལ་སྲིད་ ཁྱོད་ར་ཡང་ འབྱུང་རྐྱེན་གྱི་ས་ཁོངས་ནང་ དངོས་སུ་ཡོད་པ་ཅིན་ དེ་ཁར་ཡོད་པའི་མི་ཚུགིས་ དེ་གི་སྐོར་ལས བཤད་བཅུག་དགོ། ཁོང་གིས་བཤད་རེ་བཤད་ཚད་ཅིག་ ཨིནམ་མེནམ་གི་ དབྱེ་བ་དཔྱད་དགོ། གལ་སྲིད་ དཔང་པོ་དེ་གིས་ བདེན་པ་སླབ་པ་ཅིན་ ཁྱོད་ར་ཞིབ་འཚོལ་འབད་བའི་སྐབས་ ཡིད་ཆེས་བསྐྱེད་ཚུགས་པའི་དཔང་པོ་ཨིན། ཁྱོད་ཀྱི་བརྟག་ཞིབ་འདི་ ཁྱོད་ར་གིས་ དངོས་སུ་མཐོང་ཡོད་པའི་ གནད་དོན་ཅིག་ཨིན་པ་ཅིན་ ཁྱོད་ར་ ཁག་ཆེ་བའི་དཔང་པོ་ཅིག་ཨིནམ་སེམས་ཁར་བཞག་དགོ། གནས་ཚུལ་རེ་རེ་འབྲིཝ་ད་ ཁྱོད་རའི་འབྲེལ་བ་ཡང་ རྒྱ་ཆེ་སུ་གཏང་ནི་གི་ གོ་སྐབས་བཟོ་དགོ། འབྲེལ་བ་འདི་ གནས་ཚུལ་སྒྲིག་བཀོད་འབད་བའི་སྐབས་ རིམ་པ་བཞིན་དུ་འབྱུང་འོང་། དེ་འབདཝ་ད་ གལ་སྲིད་ ཁྱོད་ དམིགས་བསལ་གྱི་ལས་འགུལ་དང་གནད་དོན་ དཔེར་ན་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་སྐོར་ལས་དང་ མི་སྡེའི་ནང་ དབང་ཚད་ཅན་ཚུ་གིས་ ཕྱོགས་ལྷུང་འབད་བའི་སྐོར་ལས་ ཞིབ་འཚོལ་འབདཝ་ཨིན་པ་ཅིན་ བློ་གཏད་ཚུགས་པའི་མི་དང་ ཐད་ཀར་འབྲེལ་བ་ཡོད་པའི་ མི་ངོ་ཚུ་དང་ འབྲེལ་བ་བཟོ་ནི་ལུ་ བརྩོན་ཤུགས་ཐེབས་བསྐྱེད་དགོ། ཁྱོད་རའི་ཆ་རོགས་ བརྡ་བརྒྱུདཔ་ཚུ་དང་ཡང་ འབྲེལ་བ་ཁག་ཆེ་ཏོག་ཏོ་ འོང་སྲིདཔ་ལས་ ཁོང་ཆ་ཁྱབ་ཡང་ སྣང་མེད་བསྐྱུར་སྟེ་ བཞག་ནི་མི་འོང་། མ་གཞི་ གནས་ཚུལ་གྱི་ཞོར་ལས་ ཡིག་ཚང་གཞན་གཅིག་དང་ འགྲན་བསྡུར་འོང་སྲིད་ནི་ཨིནམ་ལས་ ཁྱོད་ཀྱིས་གནད་དོན་ཚུ་ ཁ་གསལ་སྦེ་བཤད་པའི་སྐབས་ དྲན་པ་བཏོན་དགོ། ཁྱོད་རའི་གནས་ཚུལ་དང་ ཡང་ན་ གནད་དོན་དང་འབྲེལ་བ་ཡོད་པའི་མི་ངོ་ཚུ་ སྦ་གསང་མེད་པར་ མི་མང་གིས་མཐོང་སར་འཚོལ་ཆོག། རྩེད་རིགས་ཚོགས་པ་དང་ ཆོས་སྡེ་ཁག་ གྲོགས་རམ་ཚོགས་པའི་ རིགས་ཚུ་ཡང་ དེའི་ཁོངས་སུ་བཙུགས་དགོ། གནད་དོན་འདི་དང་ འབྲེལ་བ་ཡོད་པའི་ མི་ངོམ་ཚུ་ལུ་ ཁོའམ་མོའི་ བསམ་ཕྱོགས་དང་ མནོ་ལུགས་རེ་འོང་སྲིད། འདི་ཚུ་ཡང་ དྲི་བ་དྲིས་ལན་འབད་བའི་སྐབས་ ཚུད་ཚུགསཔ་འབད་དགོ། ཧེ་མ་ལས་ དོན་ཚན་འདི་དང་ འབྲེལ་བ་ཡོད་པའི་ མི་ངོ་ཚུ་འཚོལ་དགོ། དེ་ཡང་ དཔེར་ན་ ཧེ་མའི་ཚོང་རོགས་དང་ གཉེན་གྲོགས་བགྲེསཔ་ ལཱ་བྱེདཔ་མི་ དྲུང་འཚོ་ སློབ་དཔོན་ ཡང་ན་ ཁྲིམས་སྲུང་དང་ དམག་སྡེའི་འགོ་དཔོན་བགྲེསཔ་བཟུམ་ཚུ་ཨིན། གནད་དོན་འདི་དང་ འབྲེལ་བ་ཡོད་པའི་ རྩོད་ཟླ་ཚུ་ཡང་ ཁག་ཆེ་བའི་དཔང་པོ་སྦེ་ བཏུབ་ནི་ཨིན་རུང་ ཁོང་གི་མནོ་ལུགས་དང་ སེམས་ཚོར་ཤུགས་ཆེ་བའི་རྐྱེན་གྱིས་ ཁོང་གིས་སླབ་མི་དེ་ལུ་ དོན་དག་བཟོ་སྒྱུར་འབད་འབདཝ་ འོང་སྲིད་ནི་ཨིནམ་ སེམས་ཁར་བཞག་དགོ།