འཕྲལ་འཕྲལ་སྦེ་ ཁྱོད་ཀྱི་ཞིབ་འཚོལ་དེ་ལུ་བརྟེན་ཏེ་ ཁྱོད་ར་ གསང་རྡོལ་བ་ཚུན་ཚོད་ལྷོད་འོང་། ཡང་ན་ ལས་སྡེ་དེ་ལུ་ མ་དགའ་མི་དང་གཅིག་ཁར་འཕྱད་དེ་ ལས་སྡེ་གི་ཉེས་སྐྱོན་གྱི་སྐོར་ལས་སླབ་མི་ ལས་གཡོགཔ་གཅིག་དང་ འཕྱད་བཅུག་འོང་། གོང་འཕེལ་སོང་ཡོད་པའི་ ལས་སྡེ་དང་ ལས་ཚོགས་ གཞུང་གི་ལས་ཁུངས་ ལེ་ཤ་ཅིག་ནང་ གློག་རིག་ཐོག་ལས་ གཞུང་འབྲེལ་མིན་པའི་འཛོམས་འདུ་ཚོགས་ཁང་ནང་ གནད་འགག་ཆེ་བའི་བསམ་བཀོད་དང་ བརྡ་དོན་ཚུ་ ཕྱོགས་རིས་མེད་པར་ གསང་བའི་ཐོག་ལས་ སྤེལ་དོ་ཡོདཔ་ཨིན། དེ་འབདཝ་ད་ འཆར་སྒོ་དེ་ཚུ་ལས་ཐོབ་པའི་ བརྡ་དོན་དེ་ཚུ་ ཕྲངམ་ཕྲང་ས་ ཁྱོད་རའི་ཞིབ་འཚོལ་ནང་ ལག་ལེན་འཐབ་ནི་མི་འོང་། གསང་རྡོལ་བ་དེ་ ཁུངས་ལྡན་ཨིནམ་མེནམ་ དབྱེ་དཔྱད་འབད་དེ་ ཁོང་གིས་སླབ་མི་ལུ་ སྒྲུབ་བྱེད་བཀོད་མི་ཚུ་ བདེན་དཔྱད་འབད་དགོ། ཁོང་གི་སྒྲུབ་བྱེད ་གཏན་འཁེལ་བཟོ་ནིའི་དོན་ལུ་ ཁོ/མོ་དང་གཅིག་ཁར་ དངོས་སུ་འཕྱད་དེ་ བདེན་དཔྱད་འབད་དགོ
ཁྱོད་ལུ་མཐུན་འབྲེལ་དགོཔ་ ཁག་ཆེ་ཤོས་དེ་ར་ ལས་སྡེ་ནང་ལུ་ ལཱ་འབད་མི་ཚུ་ཨིནམ་ལས་ དེ་ཚུ་གིས་ ཁྱོད་ཀྱི་ཞིབ་འཚོལ་གྱི་ བཟང་སྤྱོད་ཀྱི་གདམ་ཁ་དང་ ཁྱོད་ར་ལུ་ གསང་བའི་བྱ་ངན་འབད་མིའི་གྲངས་སུ་ཚུད་ནི་ལས་ བཀག་ཚུགས། སྒོ་སྲུང་པ་ཟེར་མི་དེ་ ཁྱོད་ནང་ན་འཛུལ་བཅུག་མི་དང་ ས་སྒོ་དེ་གི་ནང་ན་འཛུལ་མི་དང་ ཕྱི་ཁར་འཐོན་མི་ ག་ཨིན་ན་ སླབ་བྱིན་མི་ དཔེར་ན་ སྐུ་སྒེར་ལས་རོགས་དང་ བསུ་ལེན་པ་ སྲུང་རྒྱབ་འགོ་དཔོན་ཚུ་ཨིན། གོ་ས་མཐོ་བའི་ འགོ་དཔོན་ཚུ་ལུ་རྐྱངམ་གཅིག་ འགྱིམས་ཏེ་སྡོད་ནི་མི་འོང། འདི་འཛོལ་བ་ཨིན། ག་ར་དང་གཅིག་ཁར་ མཐུན་འབྲེལ་ལེགས་ཤོམ་བཟོ་ནི་ལུ་བརྩོན་དགོ། སྒོ་སྲུང་པ་ཚུ་གིས་ ནང་ན་འཛུལ་ནི་ལས་ བཀག་ནི་རྐྱངམ་གཅིག་མེན་པར་ བརྡ་དོན་སྤྲོད་ལེན་ཚུ་ཡང་ འཛིན་སྐྱོང་འཐབ་སྲིད། དེ་བཟུམ་མའི་ལས་བྱེདཔ་ཚུ་ དམིགས་བསལ་གྱིས་ དངུལ་ཁང་དང་ གཞུང་གི་ལས་སྡེ་ཚུ་ནང་ འགོ་དང་པ་འཛུལ་བའི་སྐབས་ གསང་བའི་གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ལས་ བརྡ་དོན་ཚུ་སྤེལ་ནི་དེ་ ཁྲིམས་འགལ་ཨིནམ་ཤེས་དགོ། དོན་དག་ཡོདཔ་མེདཔ་ ག་རའི་དོན་ལུ་ ཁོང་ཆ་ཁྱབ་ལས་ ཆ་རོགས་འཚོལ་ནི་མི་འོང་། ཁོང་དང་འབྲེལ་བ་འཐབ་ནི་དེ་ གསང་བའི་ཐོག་ལུ་བཞག་སྟེ་ ཁོང་གི་ངོ་རྟགས་ཚུ་ ག་དེ་དྲག་དྲག་ གསང་བ་སྦེ་བཞག་དགོ
“ཞིབ་དཔྱད་འབད་བའི་སྐབས་ བརྡ་དོན་དེ་ ག་ལུ་ཡོདཔ་སྨོ?” ཟེར་བའི་དྲི་བ་དེ་ ཁག་ཆེ་ཤོས་ཅིག་ཨིན། སྤྱིར་བཏང་བརྡ་དོན་ལུ་ འཛིན་སྐྱོང་འཐབ་མི་ ལེ་ཤ་འོངམ་ཨིན། ཕྱོགས་སོ་སོ་ལས མནོ་བསམ་གཏང་དགོ། གལ་སྲིད་ གསོ་བའི་ལྷན་ཁག་གིས་ ཡིག་ཆ་ཅིག་ བྱིན་མ་བཏུབ་པ་ཅིན་ འཛམ་གླིང་གསོ་བའི་ལས་ཚོགས་དང་ གཞུང་མིན་གསོ་བའི་ལས་ཚོགས་ དོན་ཚན་དེ་གི་ཐོག་ལུ་ ཞིབ་འཚོལ་འབད་མི་ གཙུག་ལག་སློབ་སྡེའི་ཞིབ་འཚོལ་པ་ ཡང་ན་ བྱམས་སེམས་ཅན་གྱི་ སྤྱི་ཚོགས་ཀྱི་གསོ་བའི་ཚོགས་ཆུང་གི་ འཐུས་མི་བཟུམ་ཚུ་ལས་ཐོབ་ཚུགས། ཞིབ་དཔྱདཔ་ཚུ་ལུ་ ཆ་ཚང་ཧ་གོ་ཚུགས་པའི་ཡོན་ཏན་མེད་རུང་ ཁག་ཆེ་ཤོས་ ག་ཅི་ཨིན་ན་སྟོན་བྱིན་འོང་།
འཐུན་འབྲེལ་བཟོ་མི་ཚུ་ དབང་ནུས་ལྡན་པའི་མི་ཨིན། གལ་སྲིད་ ཁོང་གིས་ཁྱོད་ལུ་དགའ་བ་དང་ ཡང་ན་ ཁྱོད་ཀྱི་ལཱ་དེ་་དོན་དག་ཡོདཔ་སྦེ་ ཡིད་ཆེས་བསྐྱེད་པ་ཅིན་ ཁོང་གིས་ མི་གཞན་ཚུ་ བརྒྱུད་སྐུལ་འབད་དེ་ ཁྱོད་དང་གཅིག་ཁར་ ཁ་སླབ་བཅུག་འོང་། མཐུན་འབྲེལ་བཟོ་མི་དེ་ མཁས་མཛངས་ཅན་གྱི་དབུ་ཁྲིདཔ་ རྒན་ཤོས་ ཡང་ན་ འགོ་དཔོན་འོག་མ་ཅིག་ འབདཝ་ད་ མི་སྡེ་དང་ ལས་སྡེ་ནང་ ཆ་བཞག་ཚུགས་པའི་ མི་ངོམ་ཅིག་འོང་། རེ་ཚེ་སྐབས་ སྔར་གྱི་འགོ་ཁྲིདཔ་དེ་ ཁོ་རའི་མི་སྡེ་ནང་ མཐུན་འབྲེལ་བཟོ་མི་ཅིག་ཨིནམ་འོང་། དེ་ཚུ་གིས་ “བརྡ་བརྒྱུདཔ་དེ་ བློ་གཏད་ཚུགསཔ་ཅིག་ཨིན། ཁྱེད་ཆ་ཁྱབ་ཀྱིས་ ཁོ/མོ་དང་གཅིག་ཁར་ ཁ་སླབ་པར་ཁྱད་མེད་” ཟེར་སླབ་ད་ མི་ག་ར་གིས་ ཉན་བཏུབ་འོང་། དེ་ཚུ་ངོས་འཛིན་འབད་དེ་ ཞིབ་འཚོལ་ཐོག་ལས་ གོ་སྐབས་ཐོབ་ཚད་ ཁོང་དང་གཅིག་ཁར་ མཐུན་ལམ་བཟོ་ནི་ལུ་བརྩོན་དགོ