༡.༡. མི་ཚུ་ བློ་སླབ་བཅུག་ནི།


ཞིབ་འཚོལ་གྱི་དགོས་མཁོ་དང་བསྟུན་ མི་ཚུ་ཡོད་སར་དོན་རྐང་བཙུགས་སྦེ་འཕྱད་པར་འགྱོ་ནི་ (འདི་ནི་གུས་ཞབས་དང་མ་ལྡན་པའི་རྣམ་འགྱུར་སྦེ་བརྩི་འོང་།) ཡང་ན་ སྒེར་གྱི་ལོ་རྒྱུས་བཤད་ནི་ཡོད་མི་ཚུ་ལུ་ བརྒྱུད་འཕྲིན་ཐོགལས་ ཁ་སླབ་དགོ། གལ་སྲིད་ཁྱོད་ཀྱིས་གནས་ཚུལ་འབྱུང་ཁུངས་ཀྱི་མི་ངོམ་དང་བློ་སླབ་ནིའི་གོ་སྐབས་མ་བྱིན་པར་ ལོག་ཅི་ལོག་ཅི་རང་ བཀག་རྐྱབ་སྟེ་བཞག་པ་ཅིན་ ཐབས་ཤེས་སོ་སོ་ཅིག་གི་སྒོ་ལས་ ཁྱོད་ར་དམིགས་གཏད་བསྐྱེད་སའི་ཡིག་ཚང་གི་ཉེ་འདབས་ལས་ཕར་ བཤལ་བར་འགྱོ་ནི་དང་ བཅའ་མར་གཏོགས་ནིའི་ཨིན་པའི་ ལས་རིམ་ཚུ་ནང་བཅའ་མར་གཏོགས་དགོ།ཨིན་རུང་ཐབས་ཤེས་འདི་གིས་ གནས་ཚུལ་འབྱུང་ཁུངས་བཤད་མི་མི་ངོམ་འདི་ ལག་པ་ལས་ཤོར་ནི་ཉེན་ཁ་ཡོདཔ་ལས་ ཁོང་ཆ་ཁྱབ་ལུ་ གསང་བཅོམ་འབད་དོ་བཟུམ་མའི་སྤྱོད་ལམ་ཚུ་སྟོན་ནི་མི་འོང་། ཁྱོད་ར་ག་ཨིན་ན་ ངོ་སྤྲོད་འབད་བའི་ཐོག་ལས་ ཁོང་དང་གཅིག་ཁར་ བློ་སླབ་ནི་གི་ སྤྲོ་བ་ཡོད་ལུགས་ ཤེས་བཅུག་དགོ། གལ་སྲིད་འབྱུང་ཁུངས་བཤད་མི་མི་ངོམ་འདི་གིས་ ཁྱོད་ལུ་དོགས་པ་ཟ་དོ་བཟུམ་མའི་ སྣང་བ་ཤར་བ་ཅིན་ མི་ངོམ་འདི་དང་འབྲེལ་བ་ཡོད་པའི་ སྐུལ་དབང་ཅན་གྱི་མི་ངོ་ཅིག་དགོཔ་ཨིན། ཚོང་སྡེ་དང་ ལས་ཚོགས་ ཡང་ན་ གཞུང་གི་ལས་སྡེ་ཚུ་དང་གཅིག་ཁར་ དྲི་བ་དྲིས་ལན་འབད་ནིའི་དོན་ལུ་ གཞུང་འབྲེལ་གྱི་ཐོག་ལས་ བརྡ་བརྒྱུད་ཡིག་ཚང་བརྒྱུད་དེ་ ཞུ་བ་ཚུ་ཕུལ་དགོཔ་འོང་། གུས་ཞབས་སྤྱོད་བཟང་གི་ཐོག་ལས་འབད་ནི་འདི་གིས་ཕན་ཐོགས་སྦོམ་འོང་།

གནས་ཚུལ་འབྱུང་ཁུངས་ལུ་ བརྒྱུད་འཕྲིན་མ་གཏང་པའི་ཧེ་མ་དང་ འཕྱད་པར་མ་འགྱོ་བའི་ཧེ་མ་ལས་ གནད་དོན་གཙོ་ཅན་ཚུ་བཙུགས་ཏེ་ངོ་སྤྲོད་ཀྱི་གསལ་བཤད་ཅིག་སྦྱང་བ་འབད་བ་ཅིན་ཕན་ཐོགས་འོང་། འདི་གི་སྐབས་ལུ་ གནད་དོན་ག་ཅི་གི་ཐོག་ལས་ ཁྱོད་ར་བརྡ་བརྒྱུདཔ་ཅིག་ཨིནམ་སྦེ་ གསལ་སྟོན་འབད་ནི་ཨིན་ན་མནོ་བསམ་གཏང་དགོ།གནས་སྟངས་ག་ཅི་བཟུམ་ཅིག་ནང་ཁྱོད་རའི་ལཱ་འགན་འདི་ གསང་བཞག་སྟེ་ ལཱ་འགན་གཞན་ཅིག་ཨིནམ་སྦེ་ སྟོན་ནི་ཨིན་ན་ (དཔེར་ན་ ཚོང་འབྲེལ་ངོ་ཚབ་ཨིནམ་བཟོ་ནི)? འདི་གི་དོན་ལུ་ ཡིད་ཆེས་འདྲོང་ཚུགས་པའི་གནས་སྟངས་ག་དེ་སྦེ་བཟོ་ནི་ཨིན་ན་ཚུ་མནོ་བསམ་གཏང་དགོ།

ལུགས་ཡངས་ཞལ་འཛོམས་འདི་གི་ཐོག་ལས་ མ་འོངས་པའི་ནང་ཡང་ལོག་ཅི་ལོག་ཅི་ འཕྱད་ཚུགས་པའི་གོ་སྐབས་བཟོ་ནིའི་འཆར་གཞི་བརྩམ་དགོ། གྲོས་བསྡུར་འབད་ནིའི་འཆར་གཞི་དང་ཐོ་ཡིག་ཚུ་བཅའ་སྒྲིག་རྐྱབ་དགོ། མི་འདི་གི་སྤྲོ་བ་ག་ཅི་ཨིན་ན་? ཁོ་ར་ལཱ་འབད་སའི་ས་ཁོངས་ནང་ གནད་དོན་འདི་གྲོས་བསྡུར་འབད་ནིའི་དོན་ལུ་ ག་དེ་སྦེ་ཨུ་ཚུགས་རྐྱབ་ནི་ཨིན་ན? ཁྱོད་ཀྱིས་ གཡོགཔ་གོངམ་ཅིག་དང་ ཚོང་པ་ཅིག་ལུ་བློ་སླབ་པའི་སྐབས་ སྤྱོད་ལམ་སོ་སོ་སྟོན་འོང་ག? ག་དེ་སྦེ? ཉིན་བསྟར་སྦུང་སྒུལ་གྱི་ལཱ་འབད་མི་ མི་ངོམ་ཚུ་གི་བློ་རིག་ལུ་མཐོང་ཆུང་བསྐྱེད་ནི་མི་འོང་། དེ་མ་ཚད་ ཁྱོད་ར་ལུ་ངེས་ཏིག་དགོ་པའི་དུས་ཚོད་ཚུ་ གསལ་རི་རི་བཀོད་དེ་ དོན་དང་མཐུནམ་སྦེ་ལག་ལེན་འཐབ་དགོ – དཔེར་ན་ གཞུང་གི་བློན་པོ་ཅིག་དོན་ལུ་ དུས་ཡུན་སྐར་མ་ ༡༥ འདི་ རིང་དྲགས་འོང་།དེ་འབདཝ་ད་ སེམས་ནད་ཡོད་པའི་མི་ངོམ་ཅིག་ལུ་ཨིན་པ་ཅིན་ བློ་ངོ་མ་འགོ་བཙུགས་ཚུགས་ཚུགས་ལུ་ ཉིནམ་ཧྲིལ་བུམ་སྦེ་ཡང་འགོར་ནི་འོང་།

གལ་སྲིད་གནས་ཚུལ་བྱིན་མི་གིས་ དྲི་བ་ཚུ་ཧེ་མ་ལས་དགོ་ཟེར་སླབ་པའི་སྐབས་ཁྱོད་ཀྱིས་བྱིན་ནིའི་དང་འདོད་མེད་རུང་བྱིན་དགོཔ་འཐོན་འོང་། དེ་འབདཝ་ད་ བྱ་རིམ་འདི་ལེགས་ཤོམ་ཅིག་མེནམ་ལས་ ཁྱོད་ཀྱིས་དོན་ཚན་གྱི་རྒྱབ་ཁུངས་བཅུད་བསྡུས་ཙམ་ཅིག་གཏང་ནིའི་རྩིས་རྐྱབ་དགོ དྲི་བ་སྔ་གོང་ལས་སྤྲོད་ནི་དེ་གིས་མཁས་མཆོག་ཚུ་ལུ་ཁྱད་རིག་གི་ཡིག་ཆ་ཚུ་བསྡུ་སྒྲིག་འབད་ནི་ལུ་ དུས་ཚོད་ཀྱི་ཁེ་ཕན་ཡོད་ན་མ་གཏོགས་ དེ་མིན་དྲི་བ་དྲིས་ལན་འབད་བའི་སྐབས་ལན་བཅོས་མ་དང་ རྫུན་མ་ཚུ་སླབ་འོང་། གལ་སྲིད་ཁྱོད་ཀྱིས་དྲི་བ་ཚུཧེ་མ་ལས་གཏང་ར་གཏང་དགོ་པ་ཅིན་ ལྷན་ཐབས་ཀྱི་དྲི་བ་ཚུ་ བཀོད་ཆོག་པའི་ཐོབ་དབང་བཀོད་དགོ

འཕྲལ་འཕྲལ་སྦེ་ མི་ཚུ་གིས་ཁྱོད་དང་མ་འཕྱད་པར་ བསམ་བཤད་ཚུ་བྱིན་འོང་། འདི་བཟུམ་མའི་གནས་སྟངས་ཚུ་ལུ་ ག་དེ་སྦེ་ངོས་ལེན་འབད་ནི་ཨི་ན་གི་སྐོར་ལས་ ཁྱོད་རའི་རྩོམ་སྒྲིགཔ་དང་གཅིག་ཁར་ གྲོས་བསྟུན་འབད་དགོ། རྒྱབ་སྣོན་འབད་ཡོད་པའི་ སྒྲིག་བཀོད་འདི་ དཔེར་ན་ “ང་བཅས་ཀྱིས་ བཀོད་པའི་དྲི་བ་ཚུ་ལུ་ངོས་ལེན་མེད་པར་ འོག་གི་བསམ་བཀོད་ཚུ་འབྱོར་ཡོད” ཟེར་ བསམ་བཀོད་ཆ་ཚང་བཙུགས་དགོ

གནས་ཚུལ་བྱིན་མི་འདི་གིས་ ཁྱོད་དང་བློ་སླབ་ནིའི་དང་འདོད་ཡོད་པ་ཅིན་ འོས་འབབ་ལྡན་པའི་ས་གོ་ཅིག་གདམ་ཁ་རྐྱབ་དགོ། ཁོང་རའི་ཁྱིམ་དང་ ཡང་ན་ ཡིག་ཚང་ནང་ཨིན་པ་ཅིན་ ཁོང་ལུ་བློ་སྟོབས་བསྐྱེད་ནིའི་ ཁེ་ཕན་ཆུང་ཀུ་ཅིག་འཐོབ། ཁྱོད་རའི་ཡིག་ཚང་ནང་འབོ་པ་ཅིན་ ཁྱོད་ལུ་བློ་སྟོབས་བསྐྱེད་ནིའི་ཁེ་ཕན་ཡོད་རུང་ མི་ངོམ་འདི་ལུ་ ཉེན་སྲུང་མེད་པའི་ཚོར་སྣང་བསྐྱེད་སྲིད། དྲི་བ་འདི་གི་ དོན་ཚན་གྱི་གནས་སྟངས་དང་འཁྲིལཝ་ད་ མི་མང་འཛོམས་ས་དང་ གསང་བའི་ས་གོ་གཉིས་ལས་ག་དེ་ཁེ་ཕན་ཆེ་བས་ག་བལྟ་དགོ། ཚོར་ཉམས་ག་བཟུམ་ཅིག་དགོ་ནི་ཨིན་ན་དང་ མཐའ་འཁོར་གྱི་འུར་སྐད་ཀྱིས་ སྒྲ་བཟུང་ནི་ལུ་བར་ཆད་འབྱུང་ནི་ཨིནམ་མེནམ་ཚུ་བལྟ་དགོ

ལུགས་མཐུན་གྱི་དྲི་བ་ཨིན་པ་ཅིན་ བརྒྱུད་འཕྲིན་དང་ གློག་འཕྲིན་གྱི་ཐོག་ལས་ དྲན་གསོ་འབད་དེ་ བཅའ་མར་གཏོགས་མི་འདི་གིས་ ཤུལ་ལས་ དཔྱད་རིས་མིན་འདུག་ཟེར་ ཧད་བཏགས་ཕུད་ནིའི་གོ་སྐབས་མེདཔ་བཟོ་དགོ། སྐུ་སྒེར་དྲུང་ཆེན་ཚུ་ལས་ ལན་གསལ་ལུ་བསྒུག་སྡོད་ནི་མི་འོང་། ལན་གསལ་གྱི་དོན་ལུ་ དུས་ཚོད་རན་ཏོག་ཏོ་ཅིག་བྱིན་ཞིན་ན་ དོ་རུང་ བརྒྱུད་འཕྲིན་གཏང་དགོ། ཨུ་ཚུགས་རྐྱབ་དགོདེ་འབདཝ་ད་ སེམས་བསུན་ཁག་ཁ་བཟོ་ནི་མི་འོང་།