༢.༡. དྲི་བ་གི་སྒྲིག་གཞི།


དུས་ཚོད་ཁར་ལྷོད་དགོཔ།

གལ་སྲིད་ཁྱོད་དུས་ཚོདལས་ ཕྱི་སུ་ཅིག་ལྷོད་པ་ཅིན་ གནས་ཚུལ་བྱིན་མི་འདི་ ཁྱོད་ལུ་མ་དགའཝ་ཆགས་ནི་དང་ དུས་ཚོད་འཕྲོ་བརླག་འགྱོཝ་མ་ཚད་ དུས་ཚོད་ཨ་ཙི་ཅིག་ཡོད་མི་འདི་ཡང་ བཟོད་གསོལ་ཞུ་སྟེ་རྫོགས་འོང་། དེ་མ་ཚད་ འགོ་ཐོག་གི་དྲི་བ་ཚུ་འཚབ་འཚུབ་བཏང་སྟེ་ དམིགས་གཏད་གུ་སྐྱེལ་མི་ཚུགས།

གྱོན་ཆས་ཚུལ་མཐུན་གྱོན་དགོཔ།

མ་གཞི་ གྱོན་ཆས་ཀྱི་ཐད་ཁར་ཧེ་མ་དང་ཕྱདཔ་ད་ སྒྲིག་ཡངས་སུ་ཅིག་སོང་ཡོདཔ་ཨིན་རུང་ འགོ་དང་འགོ་ལས་ ཁྱོད་རའི་གནས་ཚུལ་བྱིན་མི་འདི་ལུ་ ཁྱོད་ཀྱི་སྐོར་ལས་ཚོར་སྣང་ངན་པ་ཅིག་ འབྱུང་བཅུག་ནི་མི་འོང་ ཁྱོད་རའི་དོན་ཚན་དང་ འོས་འབབ་ཡོད་པའི་ གྱོན་ཆས་གྱོན་དགོ། གུས་ཞབས་ཚུལ་མཐུནམ་འབད་དེ་ ཁྱོད་རའི་འཚོ་བའི་གནས་སྟངས་ག་ཅི་བཟུམ་ཨིན་རུང་ འདི་ཚུ་ག་ཨིནམ་སྦེསྟོན་ནི་མི་འོང་།

ཁྱོད་རའི་སྡོད་ས་ གདམ་ཁ་རྐྱབ་དགོཔ།

དགོས་མཁོ་ཡོད་པ་ཅིན་ ཁྱོད་རའི་སྒྲ་བཟུང་འཁོར་ལོ་དེ་ལུ་ཧད་བཏགས་འཕུལ་ཏེ་སྡོད་ས་ཅིག་ གདམ་ཁ་རྐྱབ་དགོ། (དཔེར་ན་ “འདི་ཁར་བཞག་པ་ཅིན་ སྒྲ་ལེགས་ཤོམ་སྦེ་བཟུང་ཚུགས་ནི་བཟུམ་ཅིག་འདུག་”) ཁྱོད་ར་སྡོད་ས་འདི་ལས་ གཅིག་གི་མིག་ཏོག་ གཅིག་གིས་མཐོངམ་སྦེ་དགོ། དོ་རུང་ ཐད་ཕྲང་སྟེ་རང་སྡོད་པ་ཅིན་ གདོང་ཐུག་རྐྱབ་སྟེ་དོ་འགྲན་འབད་དོ་བཟུམ་སྦེ་ཚོར་འོང་། ཁོང་གི་གདོང་སྐོར་ཌི་གི་རི་ ༤༥ དེ་ཅིག་གི་ཕྱོགས་ལུ་སྡོད་དགོ། བར་ན་ལུ་ ཀི་དེབ་དང་ ལེབ་ཊོབ་ཀྱི་ཁབ་ཏོ་ལ་སོགས་པའི་བཀག་ཆས་ག་ནི་ཡང་བཞག་ནི་མི་འོང་། སྡོད་ཁྲི་གཉེན་ཏོང་ཏོ་འབད་བ་ཅིན་ཡི་གུ་འབྲི་ངོ་མ་བདེ་ཁག་ག་དང་ བག་ལྷོད་དྲགས་འོངམ་ཨིན།

གཅིག་གིས་གཅིག་ལུ་མིག་ཏོ་ཚུལ་དང་མཐུནམ་སྦེ་བལྟ་དགོཔ།

སྤྱིར་བཏང་ ང་བཅས་ར་བློ་སླབ་པའི་སྐབས་ ཕར་ལོགས་མའི་གདོང་གི་རྣམ་འགྱུར་མཐོང་པ་ཅིན་ སླབ་ངོ་བདེ་ཏོག་ཏོ་འོངམ་མ་ཚད་ ཐེབས་རང་འབྱུངམ་ཁྱོད་ཀྱིས་ ཟིན་བྲིས་བཏབ་སྡོད་པ་ཅིན་ གདོང་གི་རྣམ་འགྱུར་མཐོང་ཚུགས་པར་ལཱ་ཁག་འོང་། ཨིན་རུང་ དྲི་བ་བཀོད་པའི་སྐབས་དང་ འཕྲལ་འཕྲལ་ར་ བལྟ་དགོཔ་གལ་ཆེ། ཁྱོད་ཀྱི་དྲི་བ་ཚུ་བྲིས་དེབ་ནང་ལས་ལྷག་ག་སྟེ་བཀོད་པ་ཅིན་ ཁོང་གི་སེམས་ཁར་ཁྱོད་ཀྱིས་དྲི་བ་བཀོད་ནི་འདི་འགོ་ཐོག་ཨིནམ་འདྲས་མནོ་བའི་ཚོར་སྣང་དང་བློ་སྤོབས་མ་འཐོབ་བཟུམ་དངཁོང་གི་སླབ་མི་ལུ་དོ་སྣང་མེདཔ་བཟུམ་མའི་ཚོར་སྣང་བསྐྱེད་འོང་།འདི་གིས་སྦེ་དྲི་བའི་ལན་སླབ་ནིའི་སྤྲོ་བ་ཡང་ཉམས་ནིའི་ཉེན་ཁ་ཡོད།

ལུས་ཀྱི་རྣམ་འགྱུར་ལུ་བསྒྱིམ་དགོཔ།

ཉེན་སྲུང་འབད་བའི་ཚུལ་དང་རྣམ་འགྱུར་ཚུ་ དྲི་བ་ཚུ་སྣང་མེདབསྐྱུར་བཞག་ནི་གི་ བརྡ་མཚོན་ཨིནམ་ལས་ འདི་གི་སྐབས་ལུ་དྲི་བ་ཚུ་ས་ཀྲག་བཀོད་ནིའི་རྩིས་རྐྱབ་དགོ། འདི་མ་ཚད་ ཁོང་གིསེམས་ཁར་ཕོག་པ་དང་ བློ་བདེ་བ་ དགོད་བྲ་བ་ཙིགཔ་ཟ་བ་ དབངཔོ་ངལ་བ་ལ་སོགས་པའི་རྣམ་འགྱུར་ཚུ་ལུ་བལྟ་སྟེ་ དྲི་བ་བཀོད་ནི་དང་ དགག་པ་རྐྱབ་ནི་ཚུ་འབད་དགོ།

གསང་བ་ཡང་ན་ གསང་བ་མིན་པ།

“གསང་བ་མིན་པ་”ཟེར་མི་འདི་ བརྡ་དོན་བྱིན་མི་གིས་ བཤད་ཚད་གེ་ར་ལག་ལེན་འཐབ་ནི་ལུ་གོཝ་ཨིན། “གསང་བ” ཟེར་མི་འདི་ བརྡ་དོན་བྱིན་མི་ཚུ་ གསལ་སྟོན་མ་འབད་བའི་ཐོག་ལས་ བརྡ་དོན་ཚུ་ལག་ལེན་འཐབ་ནི་ལུ་གོཝ་ཨིན། “རྒྱབ་ཁུངས་རྐྱངམ་གཅིག་” ཟེར་བའི་སྐབས་ བརྡ་དོན་ག་ཅི་ཡང་ལག་ལེན་འཐབ་མི་ཆོག། གནད་དོན་འདི་གི་རྒྱབ་ཁུངས་ཧ་གོ་ནི་དོན་ལུ་རྐྱངམ་གཅིག་ཨིན། གསང་བ་དང་གསང་བ་མིན་པ་ཟེར་མི་ཚུ་ལུ་ མཐའ་གཅིག་ཏུ་གནས་དགོ་པའི་ཁྲིམས་ལུགས་མེད་དེ་འབད་རུང་ བརྡ་བརྒྱུདཔ་དང་ གནས་ཚུལ་འབྱུང་ཁུངས་གཉིས་ཀྱི་བར་ན་ གུས་བཀུར་བཞག་ནིའི་དོན་ལུ་ཨིན།

གནས་ཚུལ་བྱིན་མི་འདི་ལུ་ འདི་དོན་ཚན་གང་རུང་ཅིག་གསང་བ་ཨིན་མིན་དྲི་དཔྱད་འབད་དགོ།རྩོད་རྙོག་ཅན་གྱི་གནས་ཚུལ་ཚུ་ གནང་བ་ལེན་ཏེ་འབྲི་དགོ། དྲི་བ་འདི་ ལུགས་ཡངས་ཀྱི་ཐོག་ལས་ཨིན་པ་ཅིན་ ཁྱོད་རའི་འབྲི་དེབ་དང་ སྒྲ་བཟུང་འཁོར་ལོ་བཏོན་ཏེ་ “ང་བཅས་ཀྱི་དྲི་བ་ ཡིག་ཐོག་བཀོད་པའམ་ སྒྲ་བཟུང་བཞག་པ་ཅིན་ཁྱད་མེད་ག?”ཟེར་འདྲི་དགོ། གལ་སྲིད་དྲི་བ་འདི་ ལུགས་མཐུན་ཨིན་པ་ཅིན་ དུས་ཚོད་འཕྲོ་བརླག་མ་གཏང་པ་ ་ཏེ་བཀོད་དགོ།ཡིག་ཐོག་ལུ་བཀོད་ནི་དང་ སྒྲ་བཟུང་བཞག་ནི་འདི་གིས་ ལ་ལུ་གཅིག་འདྲོག་བྱེལ་འཐབ་དོ་ཡོདཔ་ ཧ་གོ་དགོ། སྒྲ་བཟུང་འཁོར་ལོ་ཚུ་སྦ་བཞག་ནི་མི་འོང་། ཡིག་ཐོག་བཀོད་ནི་དང་ སྒྲ་བཟུང་ནི་ཚུ་ ཧམ་འཛུལ་མེད་པར་འབད་དགོ། གལ་སྲིད་ཁོང་གིས་འདྲི་བ་ཅིན་ གནས་ཚུལ་ཚུ་འཛོལ་བ་མེདཔ་སྦེ་བཀོད་ནི་ལུ་ཕན་ཐབས་ཀྱི་དོན་ལས་ཨིན་ཟེར་བཤད་བྱིན་དགོ།

ཨ་རྟག་ར་ཟིན་ཐོ་བཞག་དགོཔ།

ཟིན་ཐོ་བཞག་ནི་འདི་གིས་ ཁྱོད་ར་ཡེངས་མ་བཅུག་པར་ རྣམ་འགྱུར་དང་ མཐའ་འཁོར་ འཆར་སྣང་ལ་སོགས་པ་ སྒྲ་བཟུང་འཁོར་ལོ་གིས་ བཟུང་མ་ཚུགས་མི་ཚུ་ ཐོ་བཀོད་འབད་ཚུགས། འདི་གིས་ གལ་སྲིད་ཁྱོད་རའི་སྒྲ་བཟུང་འཁོར་ལོ་འདི་ལུ་སྟབས་མ་བདེཝ་རེ་འཐོན་པ་ཅིན་ ལྷན་ཐབས་ཀྱི་དོན་ལུ་ཕན་ཐོགས་ཚུགས། ཁྱོད་རའི་བསམ་འཆར་དང་གཞན་གྱིས་སླབ་མི་ཚུ་གི་བར་ནང་ ཁྱད་པར་ཕྱེ་སྟེ་སྐྱོན་མེདཔ་བཟོ་དགོ

ཕྱོགས་རིས་མེད་པའི་དྲི་བ་གོ་ཡངས་བཀོད་དགོཔ།

སེམས་ཁམས་མཁས་མཆོག་ཚུ་བསླབ་བྱ་ལུ་གཞི་བཞག་དགོ། ལན་གསལ་འདི་ཚུ་གིས་ཁྱོད་ལུ་ཚོར་སྣང་ག་ཅི་བཟུམ་ འབྱུང་འོང་ག་ཟེར་བའི་ བརྡ་མཚོན་སྟོན་ནི་ཨིན་པའི་དྲི་བའི་རིགས་ཚུ་སྤང་དགོ། དཔེར་ན། “དབང་ཚད་ལོག་སྤྱོད་འདི་ ཧ་ལས་སི་སི་ཅིག་མེན་པས་ག?”ཟེར་འདྲི་ནི་མིན་པར་ “ཁྱོད་ཀྱིས་དབང་ཚད་འདི་བཟུམ་ལག་ལེན་འཐབ་པ་ཅིན་ མནོ་བསམ་ག་ཅི་བཟུམ་གཏང་འོང་?”ཟེར་འདྲི་དགོ། གནས་ཚུལ་བྱིན་མིའི་ བསམ་ཚུལ་ཡང་ཧ་གོ་ནི་རྩིས་རྐྱབ་དགོ། དེ་འབདཝ་ད་ ཐད་ཀར་དུ་ “ག་ཅི་སྦེ?” ཟེར་འདྲི་བ་ཅིན་ ཉེས་འཛུགས་འབད་དོ་བཟུམ་སྦེ་ཚོར་ནི་དང་ ཡིད་ཆེས་ཡང་མི་འོང་། དེ་འབདཝ་ལས་ “ག་ཅི་སྦེ?”ཟེར་བའི་དྲི་བ་འདི་ཐད་ཀར་མིན་པར་ བསྐོར་ཏེ་འདྲི་དགོ། “གནས་ཚུལ་སྙན་ཞུ་འདི་ལུ་ ཁྱོད་ག་ཅི་སྦེ་ ཁོང་ཁྲོ་ལངས་ཡི་?”ཟེར་མ་འདྲི་བར་“གནས་ཚུལ་སྙན་ཞུ་འདི་གིས་ཁྱོད་ཁོང་ཁྲོ་ལངས་བཅུག་ཅི་ཟེར་ སླབ་དེས་མེན་ན་ ཁ་གསལ་སྦེ་སླབ་གནང་མས” ཟེར་འདྲི་དགོ།

ཁུ་སིམ་སིམ་སྡོད་ནི་འདི་ ཟོགཔོ་མིན།

གནས་ཚུལ་བྱིན་མི་ཚུ་ལུ་ ཁྱོད་རའི་ལན་གསལ་འདི་ སླབ་བཅུག་དགོ། འདི་གི་ཤུལ་ལས་ ཕྲང་ཕྲང་ར་ དྲི་བ་ཤུལ་མམ་ མ་བཀོདཔ་ལས་ ཨ་ཙི་ཅིག་བསྒུག་དགོ། བློ་གི་བར་ན་ས་སྟོང་ བསུབ་དགོཔ་མེད། གལ་སྲིད་ གནས་ཚུལ་བྱིན་མི་ལུ་ ལན་གསལ་གྱི་ མནོ་བསམ་གཏང་ནིའི་དུས་ཚོད་དགོ་པ་ཅིན་ དུས་ཚོད་བྱིན་དགོ། གལ་སྲིད་ཚོར་ཤུགས་དྲག་པོའི་རྐྱེན་གྱིས་ བློ་འཕྲོ་མཐུད་དེ་སླབ་མ་ཚུགས་པ་ཅིན་ བསྒུག་སྡོད་དགོ། དེ་ལས་འགྲོས་ཀྱིས་སྦེ་ “ད་ང་བཅས་ར་ འཕྲོ་མཐུདན་ན?” ཟེར་འདྲི་དགོ

སྤྲོ་ཉམས་དང་ལྡནམ་སྦེ་མཐོང་དགོ། སྤྲོད་བ་བསྐྱེད་དགོ

དྲི་བ་དྲིས་ལན་འབད་བའི་སྐབས་ ་གོ་རེ་གོ་ཚད་ཅིག་ལུ་སྤྲོད་བ་བསྐྱེད་དེ་ འབྲེལ་བ་འཐབ་དགོ། འདི་ཚུ་ འབྲི་དེབ་ནང་ཟིན་བྲིས་བཏབ་ཞིནམ་ལས་ ལྷན་ཐབས་ཀྱི་དྲི་བ་བཟོ་ནིའི་རྩིས་རྐྱབ་དགོ། ལན་འདི་ང་ལུ་དགོས་མཁོ་ཡོད་པའི་ལན་ཅིག་ཨིན་ན་? ང་གིས་ག་དེ་སྦེ་ཧ་གོ་ཡི་ག? ང་གིས་ལན་འདི་ག་དེ་སྦེ་ལག་ལེན་འཐབ་ནི་ཨིན་ན་? ཟེར་བའི་དྲི་བ་ཚུ་ རང་གིས་རང་ལུ་བཀོད་དགོ། ག་ཅི་སྦེ་ཟེར་བ་ཅིན་ དྲི་བ་འདི་ ཚར་ཅིག་མཇུག་བསྡུ་ཞིནམ་ལས་ ལོག་སྟེ་ལོག་སྟེ་འབད་ནི་འདི་ལཱ་ཁག་ཡོདཔ་ཨིན། ཁྱོད་ཀྱིས་ ཞིབ་འཚོལ་འབད་དེ་ དྲི་བ་བཀོད་པའི་སྐབས་ ཁྱོད་ར་རེ་འདོད་བསྐྱེད་མི་ལན་འདི་མ་འཐོབ་པ་ཅིན་ རྣམ་རྟོག་ལངས་ནི་མི་འོང་། འདི་བཀོ་བཞག་སྟེ་ དོན་ཚན་སོ་སོ་གུ་ འཕྲོ་མཐུད་དགོ། ཁོང་གི་འདོད་ཚུལ་གསརཔ་ལུ་ངོས་ལེན་འབད་དེ་ ལྷན་ཐབས་ཀྱི་དྲི་བ་ཚུ་འདྲི་དགོ། ཧེ་མ་ལས་ཡོད་པའི་གནས་ཚུལ་ཚུ་ནང་ ཁྱོད་ར་ལུ་ གནས་ཚུལ་བྱིན་མི་ཚུ་ བཙུགས་ནིའི་རྩིས་རྐྱབ་ནི་མི་འོང་། ཧང་ཏོམ་མར་བྱུང་མི་ཚུ་གིས་ མཐའ་མཇུག་ལུ་ གནས་ཚུལ་ཚུ་ལེགས་ཤོམ་འཐོནམ་ཨིན། གལ་སྲིད་གྲུབ་འབྲས་ལེགས་ཤོམ་མ་འཐོན་པ་ཅིན་ ལོག་སྟེ་ར་ ཁྱོད་རའི་དོན་ཚན་ངོ་མ་འདི་འཕྲོ་མཐུད་བཏུབ། ཁྱོད་ཀྱི་དྲི་བ་ནང་བཅའ་མར་གཏོགས་མི་མི་ངོམ་འདི་ རྩུབ་དྲགས་ཅིག་འབདཝ་ལས་དྲི་བཀོད་ལས་རིམ་འདི་ལེགས་ཤོམ་ཅིག་ འགྱོ་མ་བཏུབ་རུང་ དེ་ལུ་ཁོང་ཁྲོ་ལང་ནི་མི་འོང་།

དུས་ཚོད་ལུ་བརྩི་མཐོང་།

མིག་ཏོ་འདི་ ཆུ་ཚོད་འཁོར་ལོ་གུ་ བལྟ་ཡི་རང་སྡོད་དགོ། འདི་དང་འཁྲིལ་ཏེ་ དྲི་བ་ཚུ་འདྲི་དགོ། མོས་མཐུན་བྱུང་ཡོད་པའི་དུས་ཚོད་རྫོགས་ནི་འབདཝ་ད་ “ང་བཅས་ལུ་ དྲི་བ་ (ཀ) འདི་ཚུ་འདྲི་ནི་གི་དུས་ཚོད་ཡོད་ག?” ཟེར་འདྲི་དགོ།

དྲི་བཀོད་མཇུག་བསྡུ་བའི་སྐབས་ འདི་གི་ཤུལ་མ་ག་ཅི་འབྱུང་ནི་ཨིན་ན་ གཏན་འཁེལ་སྦེ་སླབ་དགོ། དེ་ཡང་ “གནས་ཚུལ་འདི་ རེས་གཟའ་པ་སངས་ལུ་གསལ་སྟོན་འབད་འོང” ཟེར་བ་ལ་སོགས་པ་ཨིན། ཨིན་རུང་རང་གིས་གྲུབ་མ་ཚུགས་པའི་ ཁས་ལེན་ཚུ་འབད་ནི་མི་འོང། དཔེར་ན་ གནས་ཚུལ་འདི་ གསལ་སྟོན་མ་འབད་བའི་ཧེ་མ་ ཁོང་ལུ་སྟོན་འོང་ཟེར་བ་ལ་སོགས་པ་ སླབ་ནི་མི་འོང་།

གནས་ཚུལ་ཚུ་ ག་ཨིནམ་སྦེ་བཤད་དགོ།

ཚད་ལྡན་བརྡ་བརྒྱུདཔ་ཚུ་གིས་ གནས་ཚུལ་འབྱུང་ཁུངས་ཀྱིས་བྱིན་མི་ ཡིག་ཆ་ཚུ་ག་ཨིནམ་སྦེ་ དྲང་པོའི་ཐོག་ལུ་ལག་ལེན་འཐབ་འོང་། དྲི་བ་བཀོད་པའི་སྐབས་ སླབ་ཡོད་པའི་ལན་གསལ་ཚུ་ཤོབ་རྐྱབ་སྟེ་བཙུགས་ནི་མི་འོང་། དེ་མ་ཚད་ དྲི་བ་འདི་མཇུག་བསྡུ་ཞིནམ་ལས་ དྲི་བ་དང་ལན་གྱི་དོན་དག་ཚུ་ འགྱུར་བཅོས་འབད་དེ་སྐབས་དོན་ནང་མ་ཚུདཔ་སྦེ་ བཀོད་ནི་མི་འོང་། འདི་གི་ནང་དོན་ཉིད་ལས་ ལན་གསལ་གོ་རིམ་སྦེ་ཡོད་མི་ཚུ་དཔེ་བཤུས་འབད་བའི་སྐབས་ དྲནམ་ཐེབས་བཏོན་དགོ། འདི་གིས་ གོ་རིམ་ཚུ་མགུ་འཐོམ་སི་སི་སྦེ་མཉམ་སྡེབ་འབད་དེ་ བདེན་པ་ཚུ་ལུ་སྐྱོན་ཞུགས་ནིའི་ཉེན་ཁ་ཡོད། ཁྱོད་རའི་གནས་ཚུལ་འདི་བཤད་ཞིནམ་ལས་ འདི་གི་ཤུལ་ལས་ ལན་གསལ་ཚུ་བཀོད་དགོ། གནས་ཚུལ་ལྷག་མི་ཚུ་ བློ་གྲོས་ཅན་འབད་ནི་འདི་གིས་ བདེན་པ་འདི་ག་ཏེ་འདུག་ག་ཧ་གོ་ཚུགས།