ཁྱོད་ལུ་ལན་དགོ་ནིའི་སྐོར་ལས་ཨིན།
ཁྱོད་ཀྱི་དམིགས་ཡུལ་འདི་ རྒྱལ་ཁ་འཐོབ་ནིའི་་མིན་པར་ གནས་ཚུལ་དགོ་ནི་འདི་ཨིན། ལྷོད་ལྷོད་སྦེ་ མགུ་མ་འཐོམས་པར་དུས་ཚོད་ག་དེམ་ཅིག་ འགོར་མི་འདི་ལེན་དགོ། དྲི་བ་དྲིས་ལན་འབད་དགོ་པའི་ དམིགས་དོན་གཙོ་བོ་ར་ བརྡ་དོན་དང་ ལན་གསལ་འཐོབ་ནིའི་དོན་ལུ་ཨིན། ཁྱོད་ཀྱི་དྲི་བ་ཚུ་ གནད་དོན་འདི་འགྲུབ་ཨིན། ཁྱོད་ཀྱི་ནང་འཁོད་ཀྱི་ཚོར་བའི་བརྡ་མཚོན་ དཔེར་ན་ མིག་སྤུ་སེང་ནི་དང་ ཕྱག་ལྟག་འཐུ་ནི་ དགའ་འཛུམ་སྟོན་ནི་ལ་སོགས་པ་གེ་ར་ཁྱོད་ཀྱིས་དྲི་བ་འབད་སའི་མི་ངོམ་འདི་གིས་བལྟ་བཞག་འོང་། རྒྱང་མཐོང་ནང་འབད་བ་ཅིན་རྣམ་འགྱུར་ག་ནི་ཡང་སྟོན་མ་ཤེས་མི་ཅིག་ཨིན་པ་ཅིན་ ལྟདམོ་དབངཔོ་ངལ་སི་སི་ཅིག་འོང་། དེ་འབདཝ་དཟབ་ཟབ་འབད་དེ་ རང་གི་ལཱ་འགན་ཤེས་དགོ། སྡུག་སྐད་བཏོན་ནི་འདི་གིས་ གནས་ཚུལ་འབྱུང་ཁུངས་ཚུ་ལུ་ ཁོང་གི་སླབ་མི་ལུ་ཚོད་ལྟ་འབད་དོ་ཟེར་བའི་བརྡ་མཚོན་ཨིནམ་ལས་ ཁོང་གིས་ སྒྲུབ་བྱེད་ཧེང་སྐལ་ཚུ་ སྲུང་བཞག་འོང་། ཁོང་ཁྲོ་ལང་བཅུག་པ་ཅིན་ཟིང་འཁྲུག་ལངས་ གྲུབ་འབྲས་མེདཔ་འགྱོ་འོང་། ཁྱོད་ར་ཁོང་ཁྲོ་ཟ་ནི་འདི་ཡང་ ཚུལ་དང་མ་མཐུནམ་ཅིག་ཨིནམ་ལས་ ཁྱོད་ར་མི་ངན་ཨིན་པའི་བརྡ་སྟོན་འོང་། བློ་གི་ལན་ཚུ་ ཤུགས་སྦེ་མ་སླབ་པར་ བཟོ་བཅོས་བཏང་སྟེ་སླབ་དགོ། མི་གཅིག་ཁོང་ཁྲོ་ལངས་བཅུག་པ་ཅིན་ ཁོའམ་མོ་གིསའདི་ལུ་ཧད་བཏགས་འཕུལ་དེ་ ཁྱོད་ལུ་ལན་ མི་སླབ་ནི་ཨིནམ་ཤེས་དགོ
དོན་ཚན་གུ་དམིགས་དགོཔ།
ཁྱོད་ཀྱིས་ག་མནོཝ་སླབ་ནི་བ་གནས་ཚུལ་བྱིན་མི་ལས་ ལན་གསལ་ཐོབ་ནི་འདི་ཁག་ཆེ། དེ་འབདཝ་ལས་ མནོ་ཚེ་དྲན་ཚེ་སླབ་ནི་དང་བར་བཀག་རྐྱབ་ནི་ཚུ་འབད་ནི་མི་འོང་། ཉམས་མྱོང་ཅན་གྱི་ སྲིད་དོན་ཚོགས་པའི་འཐུས་མི་དང་ ཚོང་པ་འདི་ཚུ་གིས་ དྲི་བ་དྲིས་ལན་ བརྒྱ་དང་སྟོང་ནང་བཅའ་མར་གཏོགས་གཏོགསཔ་འོང་། ཁོང་གི་དུས་ཚོད་འདི་ཁག་ཆེཝ་ལས་ གལ་སྲིད་ལན་སླབ་ནིའི་དང་འདོད་མེད་པ་ཅིན་ སྣང་མེད་བསྐྱུར་བཞག་འོང་། གལ་སྲིད་ཁོང་གིས་རྒྱབ་སྐྱོར་འབད་དེ་ བཟོ་ཡོད་པའི་དཀའ་ངལ་ཚུའི་སྐོར་ལས་ཁྱོད་ཀྱིས་གནས་ཚུལ་སྤེལ་བ་ཅིན་ ཁོང་གི་ ངོ་དང་ གོ་ས་ རྒྱུ་དངོས་འཕྲལ་འཕྲལ་སྦེ་ལཱ་གཡོག་ཚུ་ཡང་བྱང་འོང་ཟེར་ཁོང་གིས་ཤེས། གནས་སྟངས་དང་ མི་ངོམ་ཚུ་ལུ་ ལེགས་ཤོམ་སྦེ་བལྟ་དགོ། གལ་སྲིད་ཁྱོད་ཀྱིས་དྲི་བ་ཚུ་ བསྐོར་ཏེ་ འཇམ་ཏོང་ཏོ་སྦེ་འདྲིཝ་ད་ འགྲུབ་འབྲས་མ་འཐོན་པ་ཅིན་ ཕྲངམ་ཕྲང་སར་འདྲི་དགོ། ཁོང་གི་ལན་གསལ་ཚུ་ ཧ་གོ་ཚུགས་པར་ ལཱ་ཁག་ཡོད་པ་ཅིན་ དྲི་བ་ཚུ་ཚིག་བསྒྱུར་ཏེ་ ལོག་སྟེ་འདྲི་དགོ། ལ་ལུ་ཅིག་གིས་ ཁོང་གི་བསམ་འཆར་ཚུ་ འགོ་རིམ་ལེགས་ཤོམ་སྦེ་ བསྒྲིག་མ་ཚུགས་པའི་སྐབས་ བ་ཅིན་ལན་ལོག་སླབ་ནི་ལུ་སྤྲོ་བ་བསྐྱེད་འོང་། ལན་རྐྱབ་མི་འདི་ལུ་ལེགས་ཤོམ་སྦེ་ཉན་དགོ – འདི་གིས་ཁྱོད་ཀྱི་ལན་ཕོགཅི་ག་? གལ་སྲིད་མ་ཕོག་པ་ཅིན་ དོ་རུང་ལོག་སྟེ་འདྲི་དགོ། ཁོང་གིས་སླབ་མི་འདི་ ངེས་བདེན་ཨིནམ་ ཏན་ཏན་བཟོ་ནིའི་དོན་ལུ་ ཁོང་རའི་ལན་འདི་ལོག་ཚར་ཅིག་སྐྱོར་བྱིན་དགོ། (“ནཱ་གི་གསུངས་མི་འདི་་་་་་?”)
ལན་ཆ་ཚང་ལེན་དགོཔ།
དྲི་བ་དྲིས་ལན་ནང་བཅའ་མར་གཏོགས་མི་འདི་གིས་ ལན་ཁ་གསལ་སྦེ་བྱིན་ནིའི་བློ་འདོད་མེད་པ་ཅིན་ ཁོང་གི་ཚིག་དཔེར་ན་ “ད་རེས་ཁམས་ཅིག” “དག་པ་ཅིག” “ལེ་ཤ” ཡང་ན་ “གལ་ཆེ་བའི་ལཱ” ཟེར་མི་ཚིག་ཚུ་ལག་ལེན་འཐབ་འོང་། འདི་གི་སུ་ སྐབས་ ཁྱོད་ཀྱིས་ལྷན་ཐབས་ཀྱི་དྲི་བ་བཀོད་དེ་ དྲིས་ལན་གསལ་ཏོག་ཏོ་ལེན་ནིའི་རྩིས་རྐྱབ་དགོ། དྲི་བ་ཚུ་ཡང་ དཔེར་ན་ “ནམ?” “ག་དེམ་ཅིག?” “གྱངས་ཁ་ག་དེམ་ཅིག་ཨིན་ན་ཕོག་ཚོད་ཤེས་ག་” ཡང་ན་ “ཁྱོད་ཀྱི་ལཱ་་ངོ་མ་རསྨོ?” ཟེར་མི་ཚུ་བཟུམ
འདི་བཟུབ་སྦེ་ མཇུག་བསྡོམས་ཀྱི་ལན་གསལ་ཚུ་ཡང་འདི་དང་འདྲ། “ཨིན” ཡང་ན་ “མེན་” ཟེར་མི་ཚུ་ དྲི་བ་འདི་མཇུག་བསྡོམས་བཞག་ནིའི་དོན་ལུ་ལག་ལེན་འཐབ་འོང་། འཕྲལ་འཕྲལ་སྦེ་ཁྱོད་ལུ་བརྡ་དོན་མང་སུ་དགོཔ་འཐོན་ཏེ་ ལོག་སྟེ་ར་ བློ་འགོ་བཙུགས་དགོཔ་འཐོན་འོང་།
ཁྱོད་ར་:ཁྱོད་ཀྱིས་གན་རྒྱ་འདི་གུ་མཚན་རྟགས་བཀོད་ཅི་ག?
ལན་སླབ་མི: བཀོད་ཅི།
ཁྱོད་ར: ཁྱོད་ཀྱིས་དེ་སྦེ་འབད་དགོ་པའི་ རྒྱུ་མཚན་ག་ཅི་སྨོ?
དྲི་བ་ཤུལ་མམ་གུ་མ་འགྱོ་བའི་ཧེ་མ་ ལན་རེ་རེ་བཞིན་དུ་ དབྱེ་ཞིབ་འབད་དགོ། ལན་སླབ་མི་ ཉམས་མྱོང་ཅན་ཅིག་ཨིན་པ་ཅིན་ ཁྱོད་ཉན་དགོ་མནོ་མི་ལན་ཚུ་སླབ་འོང་། དེ་འབདཝ་ད་ཁྱོད་ར་གིས་ཟིན་བྲིས་བཏབ་བཞག་མི་ཚུ་ལོག་སྟེ་ལྷག་བལྟ་བའི་བསྒང་ལས་ དྲི་བ་ལས་ཟུར་ཐབས་འབད་ག་མ་འབད་ཧ་གོ་ཚུགས།
ཁྱོད་ར: རྫོང་ཁག་ གང་རུང་ཅིག་གི་ སྨན་ཁང་ནང་ སྨན་བསྐྱལ་བཏང་ཡི་ག?
ལན་སླབ་མི: བཏང་ཡི། སྨན་ཁང་འདི་ཚུ་དང་འབྲེལ་བའི་གནད་དོན་ཐད་ལུ་ལམ་ལུགས་ཚུ་དང་འཁྲིལ་ཏེ་ར་འབད་ཡི།
ལན་འདི་ནང་ བཏང་ཡི་ཟེར་སླབ་དོ་བཟུམ་མཐོང་རུང་ ཁྱོད་ཀྱི་དྲི་བའི་ལན་ཐད་ཀར་དུ་མ་སླབ། དེ་འབདཝ་ལས་ལྷན་ཐབས་ཀྱི་དྲི་བ་ “སྨན་ག་ཅི་ར་ཏང་ཡི” “ཚེས་གྲངས་ནམ་དང་ ས་གནས་ག་ཏེ་ལས་བཏང་ཡི?” “འདི་ཚུ་བཏང་ཡོད་པའི་སྒྲུབ་བྱེད་ག་ཅི་ཡོདཔ?” “འདི་ཚུ་ཕར་ལུ་ལྷོད་ཡོད་པའི་སྒྲུབ་བྱེད་ཡོད་ག?” ཟེར་བ་ལ་སོགས་པ་ཚུ་འདྲི་དགོ། གལ་སྲིད་ཁོང་གིས་སླབ་མི་ལན་གསལ་ཚུ་ ཧ་མ་གོ་བ་ཅིན་ ཧ་མ་གོ་ཟེར་སླབ་དགོ། ངོ་ཚ་བ་བལྟ་སྟེ་ ཧ་མ་གོ་རུང་གོ་རྫུས་བཏབ་ལས་ མགོ་མཐོམས་མི་འདི་ ཁས་ལེན་འབད་བ་་དྲག། འདི་ལུ་ཁྱོད་ཀྱིས་ “ང་བཅས་ཀྱི་གནས་ཚུལ་ལྷག་མི་ཡང་ན་ ལྟ་མི་ཚུ་གི་ འདི་ཧ་མི་གོ་ནི་མས། ནཱ་གིས་གོ་བ་འཇམ་སུ་སྦེ་འགྲེལ་བཤད་རྐྱབ་གནང་མས” ཟེར་འདྲི་དགོ་ནི་དང་ ཡང་ན་ ལོག་སྟེ་སྐྱོར་བའི་ཁུངས་བཟོ་སྟེ་ “ང་གིས་གོ་བ་ལེན་དོ་བཟུམ་འབད་བ་ཅིན་ བློན་པོ་གིས་གསུངས་མི་དོན་ཚན་ XY. འདི་ཨིན་ན་ལགས?”ཟེར་འདྲི་དགོ
ཤོག་ཀུའི་ལཱ་དང་ འབྲེལ་ཡོད་ཡིག་ཆ།
གལ་སྲིད་ གནས་ཚུལ་བྱིན་མི་འདི་གིས་ ཤུལ་ལས་ མ་བཏུབ་མ་བཅའ་བའི་ལོ་རྒྱུས་རེ་སླབ་འཐོན་འོངས་པ་ཅིན་ གནས་ཚུལ་གསར་བཏོན་གྱི་འདྲ་དང་ ཡིག་ཆ་ ཞིབ་འཚོལ་སྙན་ཞུ་ དྲི་བ་དྲིས་ལན་སྐབས་བཏབ་པའི་ འདྲ་པར་ཚུ་བཏོན་ཆོག་ཆོག་སྦེ་བཞག་དགོ། ཁྱོད་རའི་སྒྲ་བཟུང་འཁོར་ལོ་དང་ རིག་པ་འདི་གཡོག་བཀོལ་ཏེ་ར་བཞག་དགོ། འདི་ཚུ་གིས་ དྲི་བ་མཇུག་བསྡུ་རུང་ བྱ་རིམ་གི་སྐོར་ལས་ ལྷན་ཐབས་འབད་འོང་། དྲི་བ་མཇུག་བསྡུ་རུང་ འོས་འབབ་དང་བསྟུན་ཏེ་ ལྷན་ཐབས་ཀྱི་དྲི་བ་འདྲི་ནིའི་ གནང་བ་ལེན་དགོ
ངོ་བསྟོད་ཀྱི་དབང་ལུ་ཐལ་ནི་མི་འོང་།
འདི་དྲི་བ་དྲིས་ལན་འབདཝ་མ་གཏོགས་མཛའ་བཤེས་མཐུན་ལམ་བཟོཝ་མིན། ཁྱོད་བརྡ་དོན་འཚོལ་བར་འགྱོ་འགྱོཝ་ཨིན། གྲོགས་རམ་འབད་བར་མེན། མི་གཅིག་གིས་ཁྱོད་ལུ་ “དྲི་བ་འདི་ མངོན་ཚོར་གྱི་ཐོག་ལས་རིག་སྟེ་ འདྲི་འདྲིཝ་ཅིག་ཨིན་པས” ཟེར་སླབ་ད་ ཁྱོད་ལུ་ངོ་བསྟོད་རྐྱབ་མེན། ཁོང་རང་ལུ་ ལན་མནོ་བསམ་གཏང་ནི་གི་ དུས་ཚོད་ལེནམ་ཨིན།
ཞིབ་བརྟག་གི་དྲི་བ་འདི་གི་མཇུག་ལུ་ ཁོང་ལུ་ བསམ་འཆར་བཀོད་ནིའི་གོ་སྐབས་བྱིན་དགོ། འདི་གིས་བློ་གྲོས་ཐེབས་བྱིནམ་ཨིན། དེ་ལས་ཁོང་རའི་ཁ་ཐུག་ལས་ གཞན་ཡོདཔ་མེདཔ་གི་སྐོར་ལས་འདྲི་ནི་འདི་ གུས་ཞབས་ཀྱི་བརྡ་མཚོན་ཨིན་པའི་ཁར་ གནས་ཚུལ་འདི་ ནམ་གསལ་སྟོན་འབད་ནི་ཨིན་ན་དང་ ག་དེ་སྦེ་བཀོད་ནི་ཨིན་ན་གི་སྐོར་ལས་བཤད་ནིའི་གོ་སྐབས་ཡང་ཨིན། ནམ་རང་འབད་རུང་ མཇུག་བསྡུ་བའི་སྐབས་དྲི་བ་བཀོད་དགོཔ་དེ་ཡང་། “ང་གིས་ནཱ་ལུ་འདྲི་དགོཔ་གཞན་ག་ཅི་ར་འདུག?” ཡང་ན་ ནཱ་གི་ཁ་ཐུག་ལས་ ཁ་སྐོང་རྐྱབ་དགོཔ་ག་ཅི་ར་ཡོད?”ཟེར་འདྲི་དགོ
དྲིས་ལན་གྱི་མཇུག་སྡུད་ལག་ལེན་འཐབ་ཐངས།
སྤྱིར་བཏང་ དྲིས་ལན་མཇུག་བསྡུ་བའི་སྐབས་ གནས་ཚུལ་བྱིན་མི་འདི་ གོ་ཡངས་སུ་སོང་སྟེ་ རང་ཕྱོགས་མ་སྲུང་པར་བཞག་ནི་གི་དུས་ཚོད་འབྱུངམ་ཨིན། འདི་གི་སྐབས་ལུ་ དྲི་བ་དྲིས་ལན་སྐབས་འཐོན་ཡོད་པའི་ ཐ་སྙད་དང་མིང་དེ་ལས་ གོ་གནས་ཚུ་དབྱེ་ཞིབ་འབད་དགོ། ཨ་རྟག་ར་ བརྒྱུད་འཕྲིད་ཨང་དང་ ཡང་ན་ གློག་འཕྲིན་ཁ་བྱང་ཚུ་ ཤུལ་ལས་བརྡ་དོན་ཁ་གསལ་བཟོ་ནིའི་དོན་ལུ་འབྲེལ་བ་འཐབ་དགོཔ་འཐོན་པ་ཅིན་ལག་ལེན་འཐབ་ནིའི་དོན་ལསལེན་དགོ། འདི་བཟུམ་སྦེ་ཁྱོད་རའི་འབྲེལ་གཏུགས་ཁ་བྱང་ཚུ་ཡང་བཞག་དགོ། མཐའ་མའི་གུས་ཞབས་འདི་ སྣང་མེད་བསྐྱུར་ནི་མི་འོང་། ཁོང་གིས་ཁྱོད་ལུ་ བརྙས་བཅོས་དང་ བཀག་རྐྱབ་ནི་ལ་སོགས་པ་ཚུ་ག་ཅི་ར་འབད་རུང་ ཁོང་གིས་དུས་ཚོད་བྱིན་མི་ལུ་དཀའ་དྲིན་དགའ་ཚོར་ཞུ་དགོཔ་འདི་ཁག་ཆེ། ཁོང་གིས་ཁྱོད་དང་གཅིག་ཁར་ བློ་སླབ་ནིའི་དང་འདོད་བསྐྱེད་མི་འདི་ལུ་ ཧིང་ལས་ར་ དགའ་ཚོར་ཡོད་པའི་རྣམ་འགྱུར་སྟོན་དགོ།
འདི་རྒྱབ་ཁུངས་ཀྱི་བརྡ་དོན་ཤེས་ནིའི་དོན་ལུ་དང་ མཐུན་འབྲེལ་གྱི་ཐོག་ལས་འགོ་འདྲེན་འཐབ་འཐབ་ཨིན་པ་ཅིན་ གནས་ཚུལ་འབྱུང་ཁུངས་གཞན་ཡང་ ཡོད་མེད་འདྲི་དགོ། མི་འདི་གི་མིང་ ལག་ལེན་འཐབ་སྟེ་གོ་སྐབས་ཐེབས་འཐོབ་སྲིད།
ཁས་ལེན།
ཚབ་ཚབ་རིལ་རི་སྦེ་ ཅ་ལ་ཚུ་བསྡམ་ནི་དང་འགྱོ་ཆས་བསྒྲིག་ནི་ཚུ་འབད་ནི་མི་འོང་། འདི་གི་སྐབས་ལུ་ཁྱོད་ཀྱིས་སྣང་མེད་ཐོག་ལས་ གནས་ཚུལ་འདི་གསལ་སྟོན་མ་འབདཝ་ལས་ ཚར་གཅིག་ཁོང་ལུ་སྟོན་འོང་ཟེར་ངོས་ལེན་འབད་འོང་། བསྒུག་ཞིན་ན་ ཁྱོད་ར་གིས་ ཧ་གོ་མི་ཚུ་གེ་ར་བཤད་བྱིན་དགོ། “མིན་ང་གིས་འབད་བ་ཅིན་ ཁྱོད་རང་འདི་གི་སྐོར་ལས་བསྟུན་གྲོས་འབད་དགོ་པ་ཅིན་ ངེ་གི་རྩོམ་སྒྲིགཔ་དང་གཅིག་ཁར་དྲག་ཟེར་སླབ་སླབ་ཨིན། ཁོ/མོའི་ཁ་གསལ་ནཱ་ལུ་ཡོད” ཟེར་སླབ་དགོ། གནས་ཚུལ་ལུ་དོ་སྣང་ཅན་ཚུ་གིས་ དུས་ཚོད་འར་འུར་འདི་ ཁོང་རའི་འདོད་པ་བཀང་ནིའི་གོ་སྐབས་སྦེ་ལེན་འོང་།
དྲིས་ལན་མཇུག་བསྡུ་བའི་ཤུལ་ལུ་ཟིན་ཐོ་ལུ་དབྱེ་ཞིབ་འབད་དགོ
དྲི་བ་དྲིས་ལན་མཇུག་བསྡུཝ་ཅིག་ ཟིན་ཐོ་ཚར་ཅིག་ ལྷག་བལྟ་དགོ། འདི་གི་སྐབས་ལུ་ ཁྱོད་ཀྱི་དྲན་པ་འདི་ ལེགས་ཤོམ་སྦེ་གཡོག་བཀོལ་བཏུབ་ཨིན། གལ་སྲིད་ཟིན་ཐོ་འདི་ལུ་མ་བལྟ་བར་ ནངས་པར་ཚུན་ཚོད་བཞག་པ་ཅིན་ ཡིག་འབྲུ་ཧིང་སངས་ས་མེད་མི་ཚུ་ ག་ཅི་འབྲི་བྲིསཝ་ཨིན་ན་རིག་མི་ཚུགས་ནི་དང་ འཕྲལ་མགྱོགས་རབདེན་དཔྱད་འབད་དགོཔ་ག་ཅི་ཨིན་ན་ཚུ་བརྗེད་འགྱོཝ་ཨིན། ཟིན་ཐོ་ནང་གི་ བར་སྟོངམ་ཚུ་བསུབ་ཞིནམ་ལས་ ཤུལ་མམ་གྱི་ལྷན་ཐབས་ དྲི་བཀོད་འདི་ག་ཏེ་ལུ་ཨིན་པས་ག་རྟགས་བཀལ་བཞག་དགོ