༡. ཞིབ་བརྟག་བརྡ་བརྒྱུད་ཟེར་མི་འདི་ ག་ཅི་བཟུམ་ཅིག་ཨིན་ན?

༡. ཞིབ་བརྟག་བརྡ་བརྒྱུད་ཟེར་མི་འདི་ ག་ཅི་བཟུམ་ཅིག་ཨིན་ན?


པ་ན་མ་པེ་པརསི། (Panama Papers)བཱོསི་ཊོན་གོ་ལོབ་ (The Boston Globe) གསར་ཤོག་གིས་ ཡེ་ཤུའི་ལྷཁང་ཚུ་ནང་ ཚུལ་མིན་འདོད་སྤྱོད་དར་ཁྱབ་སོང་ཡོད་མི་དེ་ གསལ་སྟོན་འབད་འབདཝ། ཝ་ཊར་གེཊི།(Water Gate)ཞིབ་བརྟག་བརྡ་བརྒྱུད་ཀྱི་མནོ་བསམ་གཏངམ་ད་ སེམས་ཁར་དྲན་ཚུགས་པའི་ དཔེ་དག་པ་ཅིག་ འ་ནཱི་ཚུ་ཨིན། ཞིབ་བརྟག་གནས་ཚུལ་དེ་ཚུ་ རྣམ་རྟོག་ལང་སི་སི་དང་ གནད་དོན་གསརཔ་ ཐ་ན་ དུམ་གྲ་ཅིག་ར་ཨིན་རུང་ བསྒྱུར་བཅོས་གཏང་དགོཔ་ཚུ་ཨིན།

འདི་འབདཝ་ད་ ག་ཅི་གིས་ ཉེན་ཁ་ཅན་གྱི་གནས་ཚུལ་དེ་ ཞིབ་བརྟག་བརྡ་བརྒྱུད་སྦེ་ བཟོཝ་ཨིན་ན།

བིརི་ཊིཤ་རྩོམ་འབྲིཔ་ ཇོརཇི་ཨོར་ཝེལ་གྱིས་བཤད་མིའི་ནང་ “བརྡ་བརྒྱུད་འདི་གཙོ་བོ་ མི་ངོ་གང་རུང་ཅིག་ལུ་ མ་དགའ་བའི་གནད་དོན་ཅིག་ཨིནམ་ད་ གཞན་ཡོད་ཚད་གཅིགཔོ་ མི་མང་མཐུན་འབྲེལ་ཨིན་” ཟེར་ཨིན་མས། མ་གཞི་གིས་ ཉིན་ལྟར་བཞིན་དུ་འབྱུང་མི་ གནས་ཚུལ་ཚུ་ལུ་ཡང་ ཞིབ་དཔྱད་འབད་དགོཔ་ཡོད་རུང་ ཞིབ་བརྟག་བརྡ་བརྒྱུད་ཀྱི་ཐད་ཁར་ལྷོདཔ་ད་ ཞིབ་འཚོལ་གཏིང་ཟབ་འབད་དགོཔ་བཞིན་དུ་ རེ་ཚེ་སྐབས་ གནད་དོན་གཅིག་ལུ་ར་ ཟླཝ་དང་ལོ་ལེ་ཤ་སྦེ་ འགོརཝ་ཨིན།

གནས་ཚུལ་བསྡུ་བཀོདཔ་དེ་ཚུ་གིས་ ངན་ལྷད་གསལ་སྟོན་འབད་ཚུགས་པའི་ གཙོ་དོན་ཅིག་ལུ་ ཞིབ་དཔྱད་འབད་ནི་དང་ གཞུང་ ཡང་ན་ ལས་འཛིན་ཚུ་གིསྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ ཡང་ན་ མི་སྡེ་དང་ དཔལ་འབྱོར་ སྲིད་དོན་ ཡང་ན་ ལམ་སྲོལ་གྱི་འགྱུར་འགྲོས་ཚུ་ལུ་ དྲན་བཀུག་འབདཝ་ཨིན། དུས་རྒྱུན་གྱི་གནས་ཚུལ་ མང་ཆེ་བ་ཅིག་ གཞུང་དང་ གཞུང་མིན་ལས་ཚོགས་ཚུ་གིས་ ཁྱབ་བསྒྲགས་འབད་མི་ བརྡ་དོན་ཚུ་ལས་འབྱུངམ་ཨིན་རུང་ ཞིབ་བརྟག་གནས་ཚུལ་ཚུ་ གཙོ་བོ་ གནས་ཚུལ་བསྡུ་བཀོད་པའི་ རྩོལ་སྒྲུབ་ལས་འབྱུངམ་ཨིན། གནས་ཚུལ་བསྡུ་བཀོདཔ་ཅིག་ལུ་ འབྲེལ་བ་ཡོད་མི་ཅིག་ལས་ ལས་འཛིན་ཅིག་ནང་ བྱ་ངན་ཅིག་བྱུང་་དོ་ཡོད་པའི་སྐོར་ འཐོར་གཏམ་བཤད་མི་ལས་ ཞིབ་བརྟག་གནས་ཚུལ་འབྱུང་ཚུགསཔ་ཨིན། གང་ལྟར་ཡང་ ཞིབ་བརྟག་བརྡ་བརྒྱུད་ཀྱི་དམིགས་ཡུལ་དེ་མི་མང་གི་མཐའ་དོན་ལུ་ ཕན་གནོད་་ཡོད་པའི་གནད་དོནཅིག་མནོ་བཞིན་བསམ་བཞིན་ ཡང་ན་ སྣང་མེད་ཐོག་ལུ་ སྦ་གསང་སྦེ་ བཞག་ཡོད་མི་དེ་ཕྱིར་བཤད་འབདཝ་ཨིན། མི་མང་གི་མཐའ་དོན་ཨིན་མིན་གྱི་ལམ་སྟོན་དེ་ཡང་ བརྡ་དོན་དེ་ ཕྱིར་བཤད་མ་འབད་བ་ཅིན་མི་སྡེ་ཅིག་ལུ་ སྟབས་མ་བདེཝ་བྱུང་ནི་ ཡང་ན་ རྒྱུ་དངོས་ཀྱི་ཐོག་ལས་ ཡང་ན་ ཤེས་ཡོན་དེ་ལུ་བརྟེན་ཏེ་ ཁུངས་ལྡན་གྲོས་ཐག་གཅད་ནི་ལུ་ ཁེ་ཕན་འབྱུང་ཚུགས་ནི་ཨིན་མི་ཅིག་དགོ། བརྡ་དོན་ལ་ལོ་ཅིག་གིས་ མི་སྡེ་ཅིག་ལུ་ ཁེ་ཕན་འབྱུངམ་ད་ མི་སྡེ་གཞན་མི་ཅིག་ལུ་ གནོད་པ་འབྱུངམ་ཨིན།དཔེར་ན་ ནགས་ཚལ་ནང་སྡོད་མི་ མི་སེར་ཚུ་གིས་ ཁྲོམ་ཁར་ཤིང་ཆས་ཀྱི་གོང་ཚད་ཤེས་པ་ཅིན་ ཤིང་དུམ་ལས་སྡེ་ཚུ་གིས་ ཤིང་བཏོག་པའི་སྐབས་ མི་སེར་ཚུ་གིས་ ཤིང་རིན་སྦོམ་དགོ་པའི་ མཁོ་འདོད་བཀོད་འོང་། དེ་གིས་སྦེ་ རང་བཞིན་གྱིས་ ཤིང་དུམ་ལས་སྡེ་ཚུ་གིས་ ཤིང་ཆས་ཀྱི་གོང་ཚད་ གསལ་སྟོན་མ་འབད་བར་ བཞག་ནི་ལུ་ གཙོ་བོར་བཏོནམ་ཨིན། མི་མང་མཐའ་དོན་གྱི་གནས་ཚུལ་ཚུ་གིས་ རྒྱལ་ཡོངས་ལུ་ ཕན་གནོད་འབྱུང་དགོཔ་མེད། གལ་སྲིད་ རྒྱལ་ཡོངས་ལུ་ ཕན་གནོད་བྱུང་པ་ཅིན་ དེ་ལུ་རྒྱལ་ཡོངས་ཀྱི་མཐའ་དོན་ཟེར་སླབ་ཨིན། མིང་ཚིག་འདི་ལུ་ སྟབས་མ་ལེགསཔ་ཅིག་ རེ་ཚེ་སྐབས་ གཞུང་ཚུ་གིས་ ཁྲིམས་འགལ་དང་ ཉེན་ཁ་ཅན་ ཡང་ན་ བྱ་ངན་ཚུ་ ཡང་ན་ ཚབས་ཆེན་དཀའ་ངལ་ཅིག་གི་སྐོར་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ གནས་ཚུལ་འབྲི་མ་བཅུག་པར་བཞག་ནི་གི་བདེན་ཁུངས་ཟངས་ནི་ལུ་ ལག་ལེན་འཐབ་ཨིན།

ཞིབ་བརྟག་བརྡ་བརྒྱུད་འདི་ དེ་འཕྲལ་ལས་འབད་ཚུགས་པའི་ལཱ་ཅིག་མེན། འདི་གི་དོན་ལུ་ འཆར་གཞི་དང་ ཞིབ་འཚོལ་ གནས་ཚུལ་བསྡུ་བཀོད་ཚུ་ གོ་རིམ་ལེ་ཤ་ཅིག་གི་ཐོག་ལས་འབད་དགོཔ་མ་ཚད་ གནས་ཚད་མཐོ་བའི་ བདེན་ཁུངས་དང་ སྒྲུབ་བྱེད་ཚུ་དགོཔ་ཨིན། ཞིབ་འཚོལ་དེ་ཡང་ འབྱུང་ཁུངས་ངོ་མ་རྐྱངམ་གཅིག་ལུ་ བདེན་དཔྱད་འབད་དེ་ ཐག་བཏོག་ནི་མེན་པར་ དེ་ལས་ལྷག་སྟེ་ གསང་རྒྱ་དེ་ཚུ་ ཐོབ་ཐབས་འབད་དགོ། མཐར་ཐུག་ལུ་གནས་ཚུལ་དེ་གིས་ བརྡ་དོན་གསརཔ་མངོན་གསལ་འབད་དགོ་ ཡང་ན་ སྔར་ལས་ཡོད་པའི་བརྡ་དོན་ཚུ་ སྤྲོ་སྣང་གསར་པའི་ཐོག་ལས་བཀོད་དེ་ ཕན་ཐོགས་ཅན་བཟོ་དགོ། གནས་ཚུལ་འབྱུང་ཁུངས་ ཕུད་རྡོག་གཅིག་ལས་ གསང་བ་ཐོག་ལུ་བཞག་ཡོད་པའི་ ནང་འཁོད་ཀྱི་བརྡ་དོན་མང་རབས་ཅིག་ སྤྲོ་སྣང་ཅན་གྱི་སྒོ་ལས་ མངོན་གསལ་འབད་ཚུགས། ཨིན་རུང་ གནད་དོན་དེ་ཚུ་གེ་ར་ རང་མྱོང་དང་ གློག་བརྙན་ མི་ཚུ་ལས་ཐོབ་པའི་ འབྱུང་ཁུངས་གཞན་ཚུ་དང་གཅིག་ཁར་ ཕན་ཚུན་ག་བསྡུར་རྐྱབ་སྟེ་ དེའི་དོན་དག་ངོ་མ་ མ་ཐོབ་ཚུན་ཚོད་ ཞིབ་བརྟག་གི་གྱལ་ཁར་མི་ཚུད།

ཞིབ་བརྟག་གནས་ཚུལ་ བསྡུ་ལེན་འབད་ནི་ལུ་ དུས་རྒྱུན་གྱི་གནས་ཚུལ་ བསྡུ་ལེན་ལས་ལྷག་པའི་ མཐུན་རྐྱེན་དང་ སྡེ་ཚན་མཉམ་རུབ་ དུས་ཚོད་ཧེང་བཀལ་དགོཔ་ཡོད། གནས་ཚུལ་ལེ་ཤ་ཅིག་ སྡེ་ཚན་གྱི་ཐོག་ལུ་ ཞིབ་བརྟག་འབད་བའི་གྲུབ་འབྲས་ཨིན། ཨིན་རུང་ དུས་ཚོད་དང་ མ་དངུལ་ ཁྱད་རིག་ཅན་གྱི་མི་སྟོབས་ལངམ་མེད་པའི་ གསར་ཤོག་ཆུང་ཀུ་ཚུ་གི་དོན་ལུ་ ལཱ་ཁག་ཡོད། གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ཞིབ་བརྟག་ལུ་རྒྱབ་སྐྱོར་འབད་མི་འཚོལ་དགོཔ་ཡང་ འཐོན་སྲིད་པ་མ་ཚད་ གནས་ཚུལ་་ལས་ཁང་གི་ཕྱི་ཁ་ལས་ ཁྱད་རིག་ཅན་གྱི་རྒྱབ་སྐྱོར་ཡང་ ལེན་དགོཔ་འཐོན་འོང་།

ཀོང་གོ་ལིསི་ གནས་ཚུལ་བསྡུ་བཀོདཔ་ སེཇི་-ཕི་ཌི་ལི་ག་ཡ་ལ་(Sage-Fidèle་Gayala)གིས་ སྡེ་ཚན་ཐོག་ལུ་ ལཱ་འབད་ནི་གི་ ཕན་པ་དང་གནོད་པ་ཚུ་ ག་བསྡུར་རྐྱབ་སྟེ་བལྟཝ་ད་ སྡེ་ཚན་ཆུང་ཀུ་ཅིག་ནང་ལཱ་འབད་བའི་སྐབས་ གྲུབ་འབྲས་ལེགས་ཤོམ་འཐོན་དོ་ཡོདཔ་ད་ དེ་ཡང་ སྡེ་ཚན་འཐུས་མི་རེ་རེ་བཞིན་དུ་ལུ་ཡོད་པའི་ ཕན་ཐོགས་ཅན་གྱི་ཁྱད་རིག་ཚུ་ ངོས་འཛིན་འབད་ཚུགསཔ་ཨིན་མས། དེ་ཡང་ གཅིག་གིས་ཕར་ཚུར་འགྱོ་ནི་གི་ལཱ་ཚུ་འབད། གཅིག་གིས་ཞིབ་འཚོལ་དང་ ཡིག་ཆ་བསྡུ་སྒྲིག་འབད། གསུམ་པམ་དེ་གིས་ གནས་ཚུལ་འབྲི་བ་ཅིན་ ལེགས་ཤོམ་འོངམ་ཨིན་མས། སྡེ་ཚན་དེ་གིས་ ལཱ་ཚུ་མགྱོགས་པར་འབད་དེ་ གནས་ཚུལ་དེ་ དུས་ཚོད་ཁར་བཏོན་ཚུགསཔ་ཨིན་མས། དེ་འབདཝ་ད་ རྒྱལ་ཁབ་ལེ་ཤ་ཅིག་ནང་ གནས་ཚུལ་ལས་ཁང་ཚུ་ནང་ གནས་སྟངས་གཙང་མ་མེདཔ་ཨིན་མས། དེ་ཡང་ བཟོ་གྲྭ་དང་ ཚོང་ལས་ཁང་ ཡང་ན་ སྲིད་བྱུས་རྩོམ་མི་ཚུ་གིས་ གནས་ཚུལ་བསྡུ་བཀོདཔ་དང་ རྩོམ་སྒྲིགཔ་ཚུ་ལུ་ འཇིགས་སྐྲག་བཏོན་ ཡང་ན་ ནང་གསུག་བྱིན་ཐོག་ལས་ ཁོང་གི་ཧིང་ནང་བཙུགསཔ་ཨིན་མས། དེ་མ་ཚད་ གསར་ཤོག་ལེ་ཤ་ཅིག་གི་འབྱུང་ཁུངས་ལུ་ དོགས་པ་ཡོད་མི་དེ་ཡང་ དང་འདོད་ཅན་གྱི་ མི་ངོའམ་ སྡེ་ཚན་གྱིས་ མ་དངུལ་བྱིན་སྲོལ་ཡོདཔ་ཨིན་མས། དམིགས་གཏད་གཙོ་བོ་ རྩོམ་སྒྲིགཔ་ཚུ་ལུ་ཨིནམ་ལས་ རེ་ཚེ་སྐབས་ གནོད་འགེལ་འབད་མི་ངོ་མ་ཡང་ ཁོང་ཆ་ཁྱབ་འོངམ་ཨིན་མས། དེ་བཟུམ་གྱི་གནས་སྟངས་ནང་ཚུད་པའི་སྐབས་ གནས་ཚུལ་བསྡུ་བཀོདཔ་ ན་གཞོན་ཚུ་ལུ་ ཞིབ་བརྟག་གནས་ཚུལ་གྱི་ལས་འགུལ་ཅིག་ མཇུག་བསྡུ་ཚུགས་པར་ ལཱ་ཁག་གཏངམ་ཨིན་མས།