༢. ག་ཅི་སྦེ་ ཞིབ་བརྟག་གནས་ཚུལ་འབྲི་དགོཔ་ཨིན་ན?

༢. ག་ཅི་སྦེ་ ཞིབ་བརྟག་གནས་ཚུལ་འབྲི་དགོཔ་ཨིན་ན?


ཞིབ་བརྟག་བརྡ་བརྒྱུད་འདི་ དུས་ཡུན་འགོར་བ་དང་ ཟད་འགྲོ་ལྕི་བ་ ཉེན་ཁ་ཆེ་བ་ཨིན། ཉིན་ལྟར་འབྱུང་མི་ གནད་དོན་ཚུ་གིས་ ངལ་རངས་ཅན་གྱི་གསར་ཤོག་ཅིག་ བཏོན་ཚུགསཔ་ཨིན་རུང་ བརྡ་བརྒྱུདཔ་ཚུ་གིས་ རང་སོའི་རྩོམ་སྒྲིགཔ་ཚུ་ལུ་ ཞིབ་བརྟག་གནས་ཚུལ་དེ་ བཏོན་ཚུགས་པ་ཅིན་ ཁེ་ཕན་ལྷག་པར་ འོང་ནི་ཨིན་་པའི་སྐོར་ལས་ ཡིད་ཆེས་བསྐྱེད་ཚུགསཔ་བཟོ་དགོ།

ག་ཅི་སྦེ་ འབད་དགོཔ་ཨིན་ན? དེ་ཡང་ བདེན་ཁུངས་ཅན་གྱི་གནད་དོན་ཚུ་ གནས་ཚུལ་གྱི་ཐོག་ལས་ གསལ་བཏོན་འབདཝ་ད་ ལེགས་པའི་འགྱུར་བ་ཚུ་ འབག་འོང་ཚུགསཔ་ཨིན།འདས་པའི་ལོ་ངོ་དག་པ་ཅིག་གི་རིང་ པུ་ལིད་ཛར་ གསོལ་རས་ཐོབ་མི་ཚུ་ལུ་བལྟ་བ་ཅིན་ ཞིབ་བརྟག་གནས་ཚུལ་ལེགས་ཤོམ་ཅིག་གིས་ མི་སྡེ་མ་འདྲཝ་ ཡང་ན་ སྲིད་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་ནུག། སྤྱི་ལོ་༢༠༡༨ ལུ་ གསོལ་རས་དེ་ ཝ་ཤིང་ཊན་པོསི་ (Washington Post) ལུ་སོང་ཡོདཔ་ད་ དེ་ཡང་ ཁོང་གིས་ཨ་ལ་བྷ་མ་ལུ་ རྒྱལ་ཡོངས་ཚོགས་སྡེའི་ (Senate) འདེམས་ངོ་ཅིག་གིས་ འདས་པའི་རིང་ལུ་ བུམོ་ཅུང་ཚུ་ལུ་ ཚུལ་མིན་འདོད་སྤྱོད་འབད་ཡོད་པའི་ མངོན་གསལ་འབད་བ་ལས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོའི་དོ་འགྲན་ནང་ འགྱུར་བཅོས་སོང་ནུག། སྤྱི་ལོ་༢༠༡༧ ལུ་ ཅར་ལེསི་ཊོན་ གེ་ཛེཊ་མེལ་ (Charleston Gazette Mail) གྱི་ གནས་ཚུལ་བསྡུ་བཀོདཔ་ ཨེ་རིག་ཨ་ཡར་གྱིས་ ཐོབ་ཡོདཔ་ད༌ དེ་ཡང་ ཁོ་གིས་ སྨན་རྫས་ཨོ་པི་ཨོའིཌ་ (opioid) ཚུ་ ཝེསི་བར་ཇི་ནི་ཡ་ལུ་ འཛུལ་དོ་ཡོད་པའི་སྐོར་ལས་ གསལ་སྟོན་འབད་ཡོདཔ་ཨིན་མས། སྤྱི་ལོ་༢༠༡༦ ལུ་ གསོལ་རས་དེ་ ཕོ་ལོ་རི་ཌི་ཡ་ (Floridia) གི་ གསར་ཤོག་མ་འདྲཝ་གི་ གནས་ཚུལ་བསྡུ་བཀོདཔ་གཉིས་ཀྱིས་ཐོབ་ནུག། དེ་ཡང་ ཁོང་གཉིས་ཀྱིས་ རྒྱལ་ཁམས་ཀྱི་ སེམས་ཁམས་སྨན་ཁང་ནང་ རྩུབས་སྤྱོད་ཡར་འཕར་སོང་ཡོད་པའི་སྐོར་ལས་ གསལ་སྟོན་འབད་ཡོདཔ་ཨིན་མས།

དེ་མ་ཚད་ ཞིབ་བརྟག་བརྡ་བརྒྱུད་འདི་ དམངས་གཙོའི་རིང་ལུགས་ རྩ་བརྟན་བཟོ་ནི་ལུ་ མེད་ཐབས་མེདཔ་ཅིག་ཨིན། གསར་ཤོག་གི་གནས་ཚུལ་ཚུ་ནང་ གཞུང་གི་གནས་ཚུལ་གསར་སྟོན་ཚུ་ལས་བརྒལ་ཏེ་ འཐོན་ནི་མེད་པ་ཅིན་ དབང་ཚད་ནང་ཡོད་མི་ཚུ་གིས་ གྱོས་ངན་བརྩམ་ཨིན།བརྡ་བརྒྱུད་ཀྱིས་ དྲི་བ་སྲ་ཀྲག་མ་བཀོད་མི་ཡང་ན་ དོ་འགྲན་འབད་མི་སྡེ་ཚན་ཚུ་གི་བར་ན་ ཐོབ་བརྗོད་བཀོད་ནི་དང་ དེ་ལུ་རྒྱབ་འགལ་འབད་མི་ཚུ་ལུ་ དབྱེ་ཞིབ་མ་འབད་བ་ཅིན་ གཞུང་ལུ་འགན་འཁྲི་བཀལ་ནི་གི་ གཞི་རྩ་དེ་ལུ་ འཐུས་ཤོར་འབྱུངམ་ཨིན།