༡. གནས་ཚུལ་གྱི་གནས་སྐབས་འཚོལ་ཐངས།

༡. གནས་ཚུལ་གྱི་གནས་སྐབས་འཚོལ་ཐངས།


གནས་ཚུལ་ཅིག་གི་གནས་སྐབས་དེ་ སྤྱིར་བཏང་ གཞན་གྱིས་སླབ་ས་གོ་བའི་ གཏམ་ལོ་རྒྱུས་ཚུ་ལས་ཡང་ འབྱུང་ནི་ཡོད། སྔར་ལས་ཡོད་པའི་གནས་ཚུལ་ཅིག་གི་སྐོར་ལས་ དྲི་བ་བཀོད་མི་ལས་ཡང་ གནས་སྐབས་ཐོབ་ཚུགས། ཞིབ་བརྟག་བརྡ་བརྒྱུདཔ་ཚུ་ལུ་ གནས་ཚུལ་གྱི་གནས་སྐབས་ཡོད་དགོཔ་འདི་ མེད་ཐབས་མེདཔ་ཅིག་ཨིནམ་ད་ དེ་ཡང་ ལཱ་འགན་གྱི་གྲས་ལས་ ལཱ་ཁག་ཤོས་ཅིག་ཨིན། དུས་རྒྱུན་དུ་ གནས་སྐབས་ལེགས་ཤོམ་ཚུ་ འཐོབ་ཚུགས་པར་ ལཱ་ཁག་ཡོད། ཨིན་རུང་ གནས་སྐབས་ཐོབ་ནི་ལུ་ ཕན་པའི་བསླབ་བྱ་ཡོད་མི་ཚུ་ དག་པ་ཅིག་འོག་ལུ་བཀོད་དེ་ཡོད࿒

དང་པ་ར་ གནས་ཚུལ་གྱི་གནས་སྐབས་ཚུ་ འཇམ་ཏོང་ཏོ་སྦེ་ རང་གི་ཕང་མར་ འབབ་འོང་ཟེར་བའི་ མནོ་ལུགས་དེ་ སྤང་དགོ། ང་བཅས་ར་ ལ་ལོ་ཅིག་གིས་ ཁྱིམ་བར་གྱི་ ལམ་ཁ་ལས་ གསང་བའི་ཡིག་ཆ་ ལེ་ཤ་ཐོབ་པའི་རེ་བ་དང་ དེ་ནང་ལས་ ཉེན་ཁ་ཅན་གྱི་གསང་རྒྱ་ཚུ་ཐོབ་སྟེ་ གདོང་ཤོག་གི་གནས་ཚུལ་སྦེ་བཀོད་དེ་ དེ་གུ་རང་གི་མིང་ཡང་ རྡོས་རིལ་རི་སྦེ་བྲིས་ཏེ་ བསྟོད་བསྔགས་དང་བཅས་པའི་ངོས་འཛིན་དང་ གསོལ་རས་ཚུ་ འཐོབ་ཚུགས་པའི་ རེ་ཆི་བསྐྱེདཔ་ཨིན། རེ་སྐབས་ཅིག་ དེ་སྦེ་ཡང་འབྱུང་སྲིད། དེ་ཡང་ ཝ་ཊར་གེཊི་གིས་ གསང་བའི་བརྡ་དོན་གྱི་ བརྒྱུད་འཕྲིན་ཅིག་ཐོབ་མི་ལུ་བརྟེན་ཏེ་ མཐའ་མཇུག་ལུ་ སྲིད་འཛིན་རི་ཅརཌི་ནིག་སཱོན་དེ་ དགོངས་ཞུ་འབད་དགོཔ་འབྱུང་ནུག། མ་གཞི་སྤྱིར་བཏང་གིས་ དེ་བཟུམ་མའི་ གསང་བའི་བརྡ་དོན་གྱི་བརྒྱུད་འཕྲིན་ཐོབ་ནི་དང་ སྲིད་དོན་གྱི་ངན་ལྷད་སྐོར་གྱི་ གསང་རྒྱ་ཅན་གྱི་ཡིག་ཆ་ཐོབ་ནི་དེ་ ཧ་ཅང་གིས་ དཀོན་དྲགས་ཨིན་པའི་ཁར་ མཐིལ་ཕྱིན་སྦེ་ ཞིབ་དཔྱད་འབད་དགོ། ཝ་ཊར་གེཊི་དེ་ སྲིད་དོན་གཡོ་འཕྲུལ་དང་འབྲེལ་བའི་ གནས་ཚུལ་གྱི་དཔེ་སྟོན་ ཡོངས་གྲགས་ཅན་ཅིག་ཨིན་པ་མ་ཚད་ འབྲེལ་བ་ཡོད་པའི་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ ལཱ་ཤུགས་སྦོམ་ བཏོན་ཡོད་པའི་རྟགས་མཚན་ཅིག་ཨིན་མས།

གཉིས་པ་ལུ་ དུས་ནམ་ཡང་ སྒྲིག་གཡོག་ནང་མེད་པར་མ་སྡོད། གནས་ཚུལ་གྱི་གནས་སྐབས་འཐོབ་ནི་ འཇམ་ཤོས་ཅིག་ ཨ་རྟག་ར་ རང་གི་མིག་གི་དབང་པོ་འདི་ སྒོ་ཕྱེ་སྟེ་བལྟ་དགོ། བརྡ་བརྒྱུདཔ་ཅིག་ ལཱ་སར་འགྱོ་བའི་ལམ་ཁར་ བཙོག་ཡུར་བསུབ་སྟེ་ཡོད་ས་དང་ ཕྱི་མི་ནང་་བསྐྱོད་ཡིག་ཚང་ནང་ ལམ་ཡིག་ཞུ་བར་འོང་མི་མང་རབས་ཅིག་ གྱལ་རིངམ་སྦེ་ བཙར་ཏེ་སྡོད་ས་ སྨན་ཁང་ཅིག་ནང་ སྨན་གཡོགམོ་ཅིག་གིས་ ནདཔ་ཚུ་ལུ་ རྩུབ་སྤྱོད་འབད་སར་ མཐོང་ཚུགསཔ་ཨིན། མཐོང་སྣང་དེ་ཚུ་ཆ་མཉམ་ར་ དེ་འཕྲལ་ལས་ གནས་ཚུལ་སྦེ་ འགྱོ་མ་བཏུབ་རུང་ བརྟག་ཞིབ་འགོ་བཙུགས་ནི་གི་ གནས་སྐབས་ཅིག་ཐོབ་ཨིན། དེ་འཕྲལ་ལས་ གནས་སྐབས་དེ་ཚུ་ འབྲི་དེབ་གུ་དྲན་ཐོ་བཀོད་དགོཔ་ད་ རང་གི་སེམས་ཁར་འཆར་མི་ དྲི་བ་ཚུ་ཡང་ བྲིས་ཞིནམ་ལས་ རང་གི་འགྲུལ་འཕྲིན་ནང་བཀོད་དགོཔ་མ་ཚད་ མཐོང་སྣང་ཚུ་གི་པར་བཏབ་ དཔེ་ཁྲམ་ཚུ་བཟོ་སྦེ་ མཉེན་ཆས་ཐོག་ལུ་འདྲ་བཟོ་སྟེ་ རང་ག་ཏེ་འགྱོ་སར་ འབག་འགྱོ་དགོ།

གསུམ་པ་ལུ་ རང་གི་ཤེས་ཚོར་ལུ་ བློ་གཏད་དང་ ཡིད་ཆེས་བསྐྱེད་དགོ། ས་ཁོངས་ཅིག་ནང་སོང་སྟེ་ གནས་ཚུལ་དང་འབྲེལ་བ་ཡོད་མི་ཚུ་ལུ་ ལོ་རྒྱུས་སླབ་ཚར་བའི་རྗེས་སུ་ གནས་ཚུལ་བསྡུ་བཀོདཔ་ལ་ལོ་ཅིག་གིས་ གཞན་མི་ཚུ་གིས་ ཉམས་མྱོང་བརྗེ་སོར་མི་འབད་བས་མནོ་སྟེ་ སྔོན་འགྲོའི་ཞིབ་འཚོལ་ཡང་མ་འབད་བར་ བཀོ་བཞགཔ་ཨིན། དེ་འབདཝ་ད་ ཁྱོད་ལུ་གནས་ཚུལ་ཅིག་ འགོ་བཙུགས་ནི་གི་དོན་ལུ་ ཕན་ཐོགས་འབྱུང་ཚུགས། གནས་ཚུལ་བསྡུ་བཀོདཔ་ཚུ་གི་དོན་ལུ་ དཔང་པོ་དྲག་ཤོས་དེ་ར་ ཁོང་ར་ཚུ་ཨིནམ་ལས་ གནས་ཚུལ་ཅིག་ འབྲི་ནི་གི་དོན་ལུ་ རང་གིས་མིག་མཐོང་ལག་བཟུང་གི་ ཉམས་མྱོང་ཚུ་ཐོབ་པ་ཅིན་ ལེགས་ཤོམ་ཨིན། ཁྱོད་ཀྱི་ཉམས་མྱོང་དེ་ སྟབས་ལེགས་སྟེས་དབང་ཅིག་ཨིན་རུང་ དེ་ལུ་མཚམས་འཇོག་འབད་མ་བཞག་པར་ སྔོན་འགྲོའི་ཞིབ་དཔྱད་ཚུ་ འགོ་བཙུགས་དགོ།