1.1. Reading widely for ideas


གསུམ་པ་ལུ་ རང་གི་ཤེས་ཚོར་ལུ་ བློ་གཏད་དང་ ཡིད་ཆེས་བསྐྱེད་དགོ། ས་ཁོངས་ཅིག་ནང་སོང་སྟེ་ གནས་ཚུལ་དང་འབྲེལ་བ་ཡོད་མི་ཚུ་ལུ་ ལོ་རྒྱུས་སླབ་ཚར་བའི་རྗེས་སུ་ གནས་ཚུལ་བསྡུ་བཀོདཔ་ལ་ལོ་ཅིག་གིས་ གཞན་མི་ཚུ་གིས་ ཉམས་མྱོང་བརྗེ་སོར་མི་འབད་བས་མནོ་སྟེ་ སྔོན་འགྲོའི་ཞིབ་འཚོལ་ཡང་མ་འབད་བར་ བཀོ་བཞགཔ་ཨིན། དེ་འབདཝ་ད་ ཁྱོད་ལུ་གནས་ཚུལ་ཅིག་ འགོ་བཙུགས་ནི་གི་དོན་ལུ་ ཕན་ཐོགས་འབྱུང་ཚུགས། གནས་ཚུལ་བསྡུ་བཀོདཔ་ཚུ་གི་དོན་ལུ་ དཔང་པོ་དྲག་ཤོས་དེ་ར་ ཁོང་ར་ཚུ་ཨིནམ་ལས་ གནས་ཚུལ་ཅིག་ འབྲི་ནི་གི་དོན་ལུ་ རང་གིས་མིག་མཐོང་ལག་བཟུང་གི་ ཉམས་མྱོང་ཚུ་ཐོབ་པ་ཅིན་ ལེགས་ཤོམ་ཨིན། ཁྱོད་ཀྱི་ཉམས་མྱོང་དེ་ སྟབས་ལེགས་སྟེས་དབང་ཅིག་ཨིན་རུང་ དེ་ལུ་མཚམས་འཇོག་འབད་མ་བཞག་པར་ སྔོན་འགྲོའི་ཞིབ་དཔྱད་ཚུ་ འགོ་བཙུགས་དགོ།

ཡུ་ཨེསི་ལུ་ཡོད་པའི་ ཞིབ་བརྟག་གནས་ཚུལ་བསྡུ་བཀོདཔ་དང་རྩོམ་སྒྲིགཔ་ (Investigative Reporters and Editors) ཟེར་བའི་ ཁེ་མེད་ལས་སྡེའི་ བཀོད་ཁྱབ་མདོ་ཆེན་བགྲེསཔ་ བེ་རེནཊ་ ཧུསི་ཊན་གྱིས་བཀོད་མིའི་ནང་ ས་གནས་ཀྱི་གསར་ཤོག་ཚུ་གི་ གནས་ཚུལ་ཚུ་གི་ནང་ན་ ཞིབ་བརྟག་གི་རྒྱས་བཤད་གནས་ཚུལ་གྱི་ ས་བོན་ལེ་ཤ་འདུག་ཟེར་ཨིན་མས། གསར་ཤོག་ནང་ གླ་འཐུས་སྤྲོད་དེ་ དཔར་སྐྲུན་འབད་མི་ བརྡ་འཕྲིན་ཡོད་ཚད་ཅིག་ལས་ གནས་ཚུལ་རེ་ འཐོན་ཚུགས་ནི་ཨིན་མི་དེ་ཡང་ དཔེར་ན་ མིང་གནས་སོར་བསྒྱུར་དང་ གོང་ཚད་ཕབ་ཆག་ཚོང་བསྒྱུར་ རིན་བསྡུར་གསལ་བསྒྲགས་ཚུ་ག་ར་ གནས་ཚུལ་གྱི་འབྱུང་ཁུངས་བཏུབ་ཨིན་མས། བརྡ་བརྒྱུདཔ་ཚུ་གིས་ དྲན་ཤེས་ཀྱི་སྒོ་ལས་ དེ་ཚུ་ ག་ཅི་ཨིན་ན་ ག་ཅི་སྦེ་ཨིན་ན་ བལྟ་དགོ། དེ་མ་ཚད་ ཧེ་མ་ལས་ དཔར་སྐྲུན་འབད་ཚར་མི་ གནས་ཚུལ་ཚུ་གི་ ཤུལ་དཔྱད་འབད་དགོཔ་དེ་ཡང་ གལ་ཆེ། གནས་ཚུལ་ལྷག་མི་ཚུ་གི་ བརྟག་ཞིབ་དང་ གཙོ་བཏོན་སྡེ་ཚན་ཚུ་དང་འཁྲིལཝ་ད་ གནས་ཚུལ་ལྷག་མི་ཚུ་གིས་ ཧེ་མ་ཐོན་ཡོད་པའི་ གནས་ཚུལ་གྱི་ཤུལ་དཔྱད་ཚུ་ བལྟ་དགོ་མནོཝ་ཨིན་མས། དེ་ཡང་ དེའི་ཤུལ་ལས་ ག་ཅི་འབད་ཡི་ག། ག་ཅིག་སྦེ་ འབད་ཡི་ག། ག་དེ་སྦེ་འབད་ཡི་ག། ཉིན་ལྟར་ཐོན་མི་ གནས་ཚུལ་ཐུང་ཀུ་ཚུ་གི་རྒྱབ་ཁར་ ག་ཅི་ཡོད་ག་ ཤེས་དགོ་མནོཝ་ཨིན་མས། ལྷག་པར་དུ་ ག་ཅི་སྦེ་ ཟེར་བའི་དྲི་བ་ མ་བཀོད་པར་ཡོད་པའི་ གནས་ཚུལ་དང་ ཡང་ན་ དཀའ་ངལ་དེའི་ ཕྱོགས་གཅིག་ལུ་རྐྱངམ་གཅིག་ གཙོ་བོར་བཏོན་དོ་བཟུམ་སྦེ་མཐོང་མི་ གནས་ཚུལ་ཚུ་ལུ་བལྟ་དགོ། དུས་རྒྱུན་གྱི་གནས་ཚུལ་ དཔེར་ན་ རྒྱལ་སྤྱི་ ཡང་ན་ རྒྱལ་ཡོངས་ཀྱི་ དུས་དྲན་བརྩི་སྲུང་བཟུམ་གྱི་གནས་ཚུལ་ཚུ་ ཐབས་ལམ་སོ་སོ་ཅིག་གི་ཐོག་ལས་འབྲི་ནི་གི་ འོས་བབ་བལྟ་དགོ། ཁྱོད་ཀྱིས་ལེ་ཤ་ལྷག་མི་ལུ་བརྟེན་ཏེ་ ཡོངས་གྲགས་ཅན་གྱི་ གཞུང་གི་བཟོ་སྐྲུན་ལས་འགུལ་ཅིག་ རྒྱབ་ཁར་ཁུ་སིམ་སི་སྦེ་ ཡལ་དོ་ཡོད་པའི་སྐོར་ལས་ ཧ་གོ་ཚུགས།

གཞུང་དང་ གཞུང་མིན་ལས་ཚོགས་ཚུ་གི་ གཞུང་འབྲེལ་སྙན་ཞུ་ཚུ་ སྤྲོ་བ་མེད་དོ་བཟུམ་སྦེ་མཐོང་རུང་ ལྷག་དགོ། ཐོན་ཁུངས་དཀོན་པའི་ཁར་ ས་ཆའི་དགནས་སྟངས་ལུ་བརྟེན་ཏེ་ ཕྱི་ཁའི་དཔེ་སྐྲུན་ཚུ་ ཐོབ་ཚུགས་པར་ལཱ་ཁག་ཡོད་རུང་ འཛམ་གླིང་ནང་ རང་གི་གནས་ཚུལ་གྱི་གཞི་དོན་དང་འབྲེལ་བའི་ གནད་དོན་ཚུ་དང་གཅིག་ཁར་ དུས་མཐུན་སྦེ་སྡོད་དགོ། གཞུང་ཚབ་ལས་ཁང་ ཡང་ན་ གཞུང་མིན་ལས་ཚོགས་ཚུ་ནང་ གླ་འཐུས་སྤྲོད་མ་དགོ་པའི་ དཔེ་མཛོད་ ཡང་ན་ ལྷག་སའི་ཁང་མིག་ཚུ་ཡོདཔ་ལས་ དེ་ཚུ་ལག་ལེན་འཐབ་སྟེ་ གནས་ཚུལ་ཚུ་ ཧ་གོཝ་སྦེ་སྡོད་དགོ།

དུས་རྒྱུན་གྱི་ཞིབ་དཔྱད་འབད་ཐངས་ གཞན་མི་གཅིག་འདི་ ལས་དོན་སོ་སོའི་ནང་ལུ་ རང་གི་འབྲེལ་བ་ཅན་ཚུ་དང་གཅིག་ཁར་ རྒྱུན་ཆད་མེད་པར་ ལོ་རྒྱུས་སླབ་སྟེ་སྡོད་དགོ། གནས་ཚུལ་བསྡུ་བཀོདཔ་གཞན་ཚུ་གིས་ ཧ་མ་གོཝ་ལས་ རང་ལུ་བརྡ་དོན་བྱིན་ཚུགས་མི་ མཐུན་འབྲེལ་ལེགས་ཤོམ་ཅིག་ གཞི་བཙུགས་འབད་དགོཔ་ད་ གྲོས་གཞི་ངེས་གཏན་མེད་རུང་ དུས་རྒྱུན་དུ་ བློ་སླབ་སྟེ་ འབྲེལ་བ་བཞག་དགོ། རང་ལུ་དགོ་པའི་སྐབས་ལུ་རྐྱངམ་གཅིག་ འབྲེལ་བ་འཐབ་པ་ཅིན་ ཁོང་ལུ་ལཱ་བཀོལ་དོ་བཟུམ་སྦེ་མནོ་འོང་། དེ་ལུ་རང་གི་འབྲེལ་བ་བཟོ་ཐངས་ཟེར་སླབ་ཨིན། འབྱུང་ཁུངས་དེ་ཚུ་ལས་ཐོབ་མི་ བརྡ་དོན་ཚུ་ རང་བཞིན་གྱིས་ གནས་ཚུལ་སྦེ་ མི་བཏུབ་ནི་ཨིནམ་ལས་ རང་གིས་རིག་རྩལ་དང་ རྩད་བཅད་ཀྱི་སྒོ་ལས་ གནས་ཚུལ་གྱི་གནས་སྐབས་ ལེགས་ཤོམ་འཚོལ་དགོ།

མཇུག་ར་ མི་སྡེའི་བརྡ་བརྒྱུད་ དཔེར་ན་ ཕེསི་བུག་དང་ ཨིནསི་ཊ་ག་རམ་ ཡང་ན་ ཊུའི་ཊར་ཚུ་ བརྡ་དོན་དང་ འཆར་སྣང་གི་འབྱུང་ཁུངས་ ལེགས་ཤོམ་ཅིག་ཨིན། ཊུའི་ཊར་དེ་ སྤྱི་ལོ་༢༠༡༦ ཟླ་ ༡༡ པའི་ནང་ ཨ་མི་རི་ཀའི་སྲིད་འཛིན་ ཌོ་ནཱལ་ཊམཔ་གི་ བཙག་འཐུའི་ཤུལ་ལས་ ད་རེས་ཁམས་ཅིག་ཁར་ ལོག་སྟེ་ཡོངས་གྲགས་ཐོན་ཡི། གློ་བུར་དུ་ དར་ཁྱབ་འགྱོ་མི་ ལོ་རྒྱུས་ཚུ་ཕར་བཞག་སྟེ་ རེ་སྐབས་ཅིག་ འཕྲལ་གྱི་དཀའ་ངལ་ ལེ་ཤ་ཅིག་གི་སྐོར་ལས་ གཞི་རྟེན་བརྡ་དོན་ཐོབ་ནི་དང་ འཕྲལ་གྱི་གནས་ཚུལ་ཚུ་བཏོན་ནི་གི་ ཐབས་ལམ་ལེགས་ཤོམ་ཅིག་ཨིན། གྲོང་གསེབ་ཁག་ལུ་ཡོད་པའི་ བརྡ་བརྒྱུདཔ་ཚུ་གིས་ མཁས་མཆོག་དང་ སྲིད་དོན་པ་ ཡང་ན་ བརྡ་བརྒྱུདཔ་གཞན་ཚུ་དང་ འབྲེལབ་འཐབ་པ་ཅིན་ ཕན་ཐོགས་འབྱུང་ཚུགས།