༡.༡.༣. བསྟོད་བཤད་རྐྱབ་མི།


གཞུང་གི་མགྲིན་ཚབ་དང་ བརྒྱུད་སྐུལ་འབད་མི་ཚུ་ལུ་ བསྟོད་བཤད་རྐྱབ་མི་ ཟེར་སླབ་ཨིན། ཁོང་ཆ་ཁྱབ་ ཁོང་རའི་ལཱ་གཡོག་བྱིན་མི་གི་ ཕྱོགས་འབད་ནི་དང་ བྱ་རིམ་ཚུ་ གཡོ་བསྒྱུར་བཏང་སྟེ་ བསྟོད་བཤད་རྐྱབ་ནིའི་དོན་ལུ་ དངུལ་ལེན་མི་ཅིག་ཨིན། དེ་འབདཝ་ད་ བསྟོད་བཤད་རྐྱབ་མི་ཚུ་ དེ་འཕྲོ་ལས་ ངོས་འཛིན་འབད་ཚུགས་པར་ ལཱ་ཁག་ཡོད། བློན་པོའི་ བརྡ་བརྒྱུད་འགོ་དཔོན་དེ་ འདི་གི་ཁྱལ་ཁརཨིནམ་ ཐག་ཆོད་ཨིན། དེ་འབདཝ་ད་ གསང་བའི་ཐོག་ལས་ ནང་གསུག་རྐྱབ་སྟེ་ གནད་དོན་གང་རུང་ཅིག་ ཡང་ན་ ཚོགས་པ་ཅིག་ལུ་ རྒྱབ་སྐྱོར་འབད་བཅུག་མི་ཚུ་ ག་དེ་སྦེ་སྨོ? གསང་བའི་ཐོག་ལས་ལཱ་འབད་མི་འགོ་དཔོན་དང་ ཚོང་སྡེའི་མི་ངོམ་ཚུ་གིས བརྡ་བརྒྱུདཔ་ཚུ་ལུ་བྱིན་མི་ གནས་ཚུལ་ཚུ་ ག་དེ་སྦེ་སྨོ? ཚོང་སྡེ་གང་རུང་ཅིག་གིས་ ནང་གསུག་བྱིན་ཏེ་ ཁོང་རའི་ཚོང་ཆས་གང་རུང་ཅིག་ རྒྱ་བསྐྱེད་གཏང་ནིའི་ནང་ ཆ་རོགས་འབད་མི་མཁས་མཆོག་དེ་ ག་དེ་སྦེ་སྨོ? ཡང་ན་ དབྱེ་ཞིབ་མ་འབད་བའི་ཅ་དངོས་ཅིག་ གསང་བའི་ཐོག་ལས་ ཡོངས་འབྲེལ་ནང་བཙུགས་མི་ཚུ་ ག་དེ་སྦེ་སྨོ? སྤྱི་དང་མ་མཐུན་པའི་ བསྟོད་བཤད་རྐྱབ་མི་ཚུ་གེ་ར་ གནད་དོན་ཆེ་ཆུང་མེདཔ་ གེ་ར་ལུ རྒྱབ་སྐྱོར་འབད་ནིའི་དོན་ལུ་ ལག་ལེན་འཐབ་སྟེ་ཡོདཔ་ཨིན། དཔེར་ན་ ཡུ་ཨེསི་གཞུང་གི་ ཚོང་སྡེ་ཅིག་ལུ་ གོལཕ་དམག་འཁྲུག་གི་སྐོར་ལས་ མི་མང་ལུ་ གོ་བ་སྤེལ་ནི་ནང་ འཛིན་སྐྱོང་འཐབ་བཅུག་ཡོདཔ་དང་ དེ་གི་བཀོད་ཁྱབ་འགོ་དཔོན་གཙོ་འཛིན་གྱིས་ ཁོ་ར་ གནས་ཚུལ་གྱི་དཔའ་བོ་ཨིན་ཟེར་ བཤད་ཡོདཔ་ཨིན།

ག་དེ་སྦེ་ཨིན་རུང་ གསང་བའི་བསྟོད་བཤད་རྐྱབ་ནི་དེ་བ་ རང་གིས་རང་ བསྟོད་བཤད་རྐྱབ་མི་ཨིན་ཟེར་ གདོང་ཁར་ཐོན་མི་འདི་དྲག། ཁྱོད་ཀྱིས་ཤེས་དོ་བཟུམ་ བློན་པོའི་བརྡ་བརྒྱུད་འགོ་དཔོན་དེ་ གཙོ་བོ་ར་ དཀའ་ངལ་ཚུ་སྦ་བཞག་སྟེ་ གྲུབ་འབྲས་ཚུ་ དམིགས་སུ་སྟོན་ནིའི་དོན་ལུ་ དངུལ་ཕོགས་སྤྲོད་དོ་ཡོདཔ་ཨིན། རིག་རྩལ་མེད་མི་རྐྱངམ་གཅིག་གིས་ ཤོབ་རྐྱབ་ཨིན། ག་ཅི་སྦེ་ཟེར་བ་ཅིན་ ཤོབ་ཚུ་ཞིབ་འཚོལ་དུམ་གྲ་ཅིག་གིས་ བཀག་རྐྱབ་ཚུགས་དོ་ཡོདཔ་ཨིན། སྔོན་འགྲོའི་ཞིབ་འཚོལ་སྤུས་དག་འབད་དེ་ དྲི་བ་དྲིས་ལན་གྱི་རིག་རྩལ་ ལེགས་ཤོམ་ཡོད་པ་ཅིན་ འཛོལ་བ་དང་གོ་བ་ཕྱི་འགྱུར་ཚུ་ སེལ་ཚུགསཔ་ཨིན། ང་བཅས་ ང་བཅས་རའི་ལཱ་འབད་དོ་བཟུམ་སྦེ་ མགྲིན་ཚབ་དེ་ཚུ་ཡང་ ཁོང་རའི་ལཱ་འབདཝ་ཨིནམ་ཤེས་དགོ

གཞུང་དང་ ལས་འཛིན་སྦོམ་ཚུ་ནང་ གཞུང་འབྲེལ་མགྲིན་ཚབ་ཀྱིས་མ་དོ་བར་ གསང་བའི་གནས་ཚུལ་ལས་ཚབ་ཚུ་ཡང་ཡོདཔ་ལས་ དེ་ཚུ་གིས་ ཁོང་རའི་འགོ་དཔོན་གྱི་ དམིགས་ལཱ་ཚུ་ བསྒྲུབ་ནི་ལུ་བརྩོནམ་ཨིན། ཡུ་ཨེསི་གཞུང་གིས་ ཁོང་རའི་གསང་བའི་གནས་ཚུལ་ལས་ཚབ་ཚུ་ལུ་ སཱ་དམ་ཧུ་སེན་ལུ་ གནོད་ཉེན་ཆེ་བའི་ མཚོན་ཆ་འདུག་ཟེར་བའི་གནས་ཚུལ་ ཁྱབ་སྤེལ་འབད་བཅུག་ཡོད་རུང་ ཤུལ་ལས་ཁོ་ལུ་ མཚོན་ཆ་མེདཔ་སྦེ་ ཤེས་ཡོདཔ་ཨིན།

གནས་ཚུལ་བརྩམ་ནི་དེ་ གསང་བའི་ལས་ཚབ་ཚུ་གིས་ ཉིན་བསྟར་གྱི་ལཱ་འགན་ཨིན། ལས་ཁུངས་དེ་གི་དམིགས་ཡུལ་དེ་ར་ བརྡ་བརྒྱུདཔ་ཚུ་ ཁོང་གི་དབང་ལུ་བསྡུ་ནིའི་ འཆར་གཞི་བརྩམ་ནི་དེ་ཨིན། ཁོང་གིས་བརྡ་བརྒྱུདཔ་ཚུ་ལུ་ བྱ་བལྟ་སྟེ་ བརྡ་བརྒྱུདཔ་དེ་གིས་ ག་ཅི་ཤེས་ག་ དབྱེ་བ་དཔྱད་དེ་ ཁོང་གི་གྱལ་ཁར་བཙུག་ནི་གི་ དཔའ་ཡང་བཅམ་ཨིན། གནས་སྟངས་མང་ཤོས་ཅིག་ནང་ ཁོང་གིས་ ཁོང་རའི་དགོས་མཁོ་དང་མཐུན་པའི་ གནས་ཚུལ་ཚུ་ བརྡ་བརྒྱུདཔ་ཚུ་ལུ་བྱིན་ཏེ་ མཐའ་མཇུག་ལུ་ མི་སེར་ཚུ་གིས་ ལྷག་དོ་ཡོདཔ་ཨིན། མི་གང་རུང་ཅིག་གིས་ ཁྱོད་ལུ་ཡིག་ཆ་དང་ ཡོངས་འབྲེལ་གྱི་ཐོག་ལས་ ཆ་རོགས་འབད་ནིའི་ དང་འདོད ཤུགས་སྦེ་བསྐྱེད་འོངས་པའི་སྐབས་ མཐོང་སྣང་ལུ་ བདེན་བདེན་རང་འདྲཝ་སྦེ་ མཐོང་སྲིད་རུང་ དྲན་པ་བཏོན་དགོཔ་གལ་ཆེ།

ཨཕ་རི་ཀའི་ཞིབ་བརྟག་གནས་ཚུལ་བསྡུ་བཀོད་པའི་ཡོངས་འབྲེལ་ (African Investigative Reporters Network) གཞི་བཙུགས་འབད་མི་ ཨེབ་ལིན་གོརོ་ནིནཀ་ (Evelyn Groenink) ཟེར་མི་གིས་ པེ་རིས་ལུ་ སྤྱི་ལོ་༡༩༨༨ ཀྱི་ལོ་ནང་ དམར་བསད་འབད་ཡོད་པའི་ ཨཕ་རི་ཀའི་སྲིད་དོན་ཚོགས་པའི་ངོ་ཚབ་ (African National Congress) དེ་གི་སྐོར་ལས་ བརྟག་ཞིབ་འབད་ཡོདཔ་ཨིན། གནད་དོན་དེ་གི་ཐད་ལུ་ ཕ་རཱནསི་གི་ གསང་བའི་ལས་ཚབ་ཀྱིས་ ཁོང་རའི་སྐྱོན་སུབ་རྐྱབ་ནིའི་དོན་ལུ་ ཕྱི་རྒྱལ་གྱི་མི་ངོམ་ཅིག་ལུ་ དམར་བསད་འབད་བའི་ ཉེས་འཛུགས་བཀལ་ཏེ་ གནས་ཚུལ་རྫུན་མ་ཚུ་ གསར་ཤོས་ཚུ་ནང་ བཀྲམ་ཡོདཔ་ཨིན། འབྱིད་སྐོར་ནང་ཚུད་ཡོད་པའི་ ཚོང་པ་གཅིག་གིས་ གོརོ་ནིནཀ་ལུ་ ཕ་རཱནསི་གི་ མཚོན་ཆ་ཚོང་བསྒྱུར་འཐབ་མི་གཅིག་དང་ བློ་སླབ་ཡོད་པའི་ སྒྲ་འཛིན་འཁོར་ལོ་ ཚུ་ཚོད་ ༣༠༠ འབད་མི་ཅིག་ བྱིན་ནིའི་ཁས་ལེན་འབད་ནུག། གནས་ཚུལ་བྱིན་མི་གིས་ བརྡ་བརྒྱུདཔ་འབད་སར་ འགྱོ་དགོ་པའི་རྒྱུ་མཚན་ སོ་སོཅིག་འོང་། དེ་ཡང་ ཁོ་ལུ་འབྱིད་སྐོར་རྐྱབ་ཡོད་མི་དེ་གི་ དགྲ་ལན་འཇལ་ནིའི་དོན་ལུ་འོང་སྲིད། ཨིན་རུང་ གོརོ་ནིནཀ་གིས་ མི་ངོམ་དེ་ལུ་ ཚད་མེད་པའི་དངུལ་དང་ དུས་ཚོད་ གསང་བའི་གོ་སྐབས་ གནམ་གྲུའི་ཤོག་འཛིན་ དེ་ལས་ མཐུན་འབྲེལ་ཚུ་གི་སྐོར་ལས་ དྲི་དཔྱད་འབད་ནི་འགོ་བཙུགཔ་ཅིག་ གནས་ཚུལ་བྱིན་མི་དེ་ ཁོ་ར་ཧེ་མ་སྡོད་ས་ ལཱན་ཌཱན་ལུ་ བྱོག་སོང་ནུག། དེ་ལུ་བརྟེན་ གོརོ་ནིནཀ་གིས་ མི་ངོམ་དེ་ ཨིང་ལེནཌ་གཞུང་དང་ ཡང་ན་ དེ་གི་མཚོན་ཆ་མཟོ་གྲྭ་ཁང་ནང་ ལཱ་འབད་མི་ཅིག་ཨིན་པའི་ དོགས་པ་ཟ་ཡོདཔ་ཨིན།

ལག་ལེན་དངོས་བསྟར་དང་འཁྲིལ་བ་ཅིན་ གནས་ཚུལ་བྱིན་མི་གིས་ ཁྱོད་འཚོལ་ཏེ་འོང་ནི་མེན་པར་ རང་གིས་ཁོང་འཚོལ་ཏེ་འགྱོ་ནི་དེ་དྲག། གསང་བའི་བརྡ་སྐྱེལ་མི་ཅིག་གིས་ ཁྱོད་གསང་ལམ་ཅིག་ནང་ འོང་དགོ་ཟེར་སླབ་ཞིནམ་ལས་ ཞལ་འཛོམས་སྐོར་ལས་ ག་ནི་ཡང་ མ་སླབ་མི་དེ་ “ཁོང་ཆ་ཁྱབ་ གསང་བརྡ་སྐྱེལ་མིའི་རྟིང་བདའ་སྟེ་ཡོདཔ་ལས་” ཁོང་དང་ཁ་གཅིག་ཨིནམ་འོང་། གནས་ཚུལ་བྱིན་མི་ལ་ལུ་ཅིག་ བློ་སླབ་ནི་གི་ དང་འདོད་མེད་པའི་ཁར་ ཁོང་གིས་ག་ཅི་སླབ་མི་དེ་ ཐོ་བཀོད་མ་འབད་བར་ མིང་ཡང་མ་བཏོན་ཟེར་སླབ་ཨིན། དེ་འབདཝ་ད་ མི་ངོམ་དེ་ ག་ཨིན་ན་དང་ དེ་གི་རྒྱབ་ཁུངས་ཚུ་ལུ་བལྟ་སྟེ་ ཁོ་གིས་ཤེས་ཟེར་སླབ་མི་ཚུ་ བཤད་ཚུགས་པའི་ལྕོགས་གྲུབ་ ཡོད་མེད་བལྟ་དགོ