༤. བློ་འདོད་མེདཔ་དང་ འཇིགས་སྣང་།

༤. བློ་འདོད་མེདཔ་དང་ འཇིགས་སྣང་།


གནས་སྟངས་མང་ཤོས་ཅིག་ནང་ དྲི་བ་ནང་བཅའ་མར་གཏོགས་མི་ཚུ་ལུ་ བརྡ་བརྒྱུད་ལུ་བློ་སླབ་ནི་ལུ་འཇིགས་སྣང་བསྐྱེད་དགོ་པའི་རྒྱུ་མཚན་ ཁུངས་ལྡན་འོངམ་ཨིན། རྒྱལ་ཁབ་མང་ཤོས་ཅིག་ནང་ དམ་ཚིག་མེད་པའི་ བརྡ་བརྒྱུད་དང་ གསང་བརྡ་སྐྱེལ་མི་ཚུ་ལུ་ སྡུག་སྤྱོད་དང་འདི་ལས་ལྷག་པའི་བྱ་ངན་འབདཝ་ཨིན། འདི་གིས་མ་དོ་བར་ ཁྱོད་ཀྱི་ དྲི་བ་འབད་སའི་མི་ངོམ་འདི་ཡང་ སེམས་ནད་ཕོག་པའི་ཉམས་མྱོང་ཡོདཔ་ལས་ དང་འདོད་མེདཔ་མ་ཚད་ དོ་རུང་ ཁོང་གི་བརྡ་དོན་འདི་མི་སྡེའི་ནང་ཁྱབ་སྤེལ་འགྱོ་བ་ཅིན་ མི་ཚུ་གི་གདོང་ཁརབློ་བཙོང་ནི་དང་ ཁ་གཏང་ནི་ལ་སོགས་པ་འབྱུང་ནི་ལུ་འཇིགས་སྣང་ཚུ་བསྐྱེད་དོ་ཡོདཔ་ཨིན། གོ་ལེར་སྦེ་ ཨུ་ཚུགས་རྐྱབ་སུ་འབད་བ་ཅིན་ ཉན་ནིའི་གོ་སྐབས་ཡོད། ཨིན་རུང་ དང་འདོད་མེད་པའི་མི་ངོམ་ཚུ་བློ་སླབ་བཅུག་ནིའི་ཐབས་ཤེས་གཙོ་བོ་གཅིག་འདི་ ཁོང་ར་གིས་བློ་གཏད་ཚུགས་པའི་ འབྲེལ་གཏུགས་འབད་མིའ་ གང་ཟག་གསུམ་པམ་ཅིག་བཙུགས་ཐོག་ལས་སླབ་ནི་འདི་ཨིན།

གནས་ཚུལ་འབྱུང་ཁུངས་ལུ་ འཇིགས་སྣང་ཨིན་ན་དྲི་བ་འབད་ནིའི་དོན་ལུ་ ཁོང་ལུ་ རྒྱབ་སྐྱོར་བྱིན་ནིའི་ཁས་ལེན་འབད་དགོ། འདི་ནང་ལུ་ དྲི་བ་དྲིས་ལན་མ་འབདཝ་ལས་ ཉེན་སྲུང་བྱིན་ནི་གི་ཐད་ ཁྱོད་རའི་རྩོམ་སྒྲིགཔ་དང་གཅིག་ཁར་བསྟུན་གྲོས་རྐྱབ་སྟེ་ གཏན་འབེབས་བཟོ་དགོ། ག་ཅི་སྦེ་ཟེར་བ་ཅིན་ རང་གིས་གྲུབ་མ་ཚུགས་པའི་ཁས་ལེན་འབད་ནི་མི་འོང་།

གནས་ཚུལ་གསལ་སྟོན་འབད་ནི་ལུ་ ཐོས་རྒྱ་ཅན་གྱི་གནང་བ།

ཐོས་རྒྱ་ཅན་གྱི་གནང་བ་ཟེར་བའི་སྐབས་ “ང་བཅས་ཀྱིས་ ཁྱོད་ཀྱིས་སླབ་མི་འདི་ གསལ་སྟོན་འབད་བ་ཅིན་ཁྱད་མེད་ག?” ཟེར་འདྲི་ནི་རྐྱངམ་གཅིག་ལུ་མི་གོ། འདི་ནང་ལུ་ གནས་ཚུལ་བྱིན་མི་ལུ་ གནས་ཚུལ་གསལ་སྟོན་འདི་གི་ གྲུབ་འབྲས་དང་ ཉེན་ཁ་ཉེན་སྲུང་ (བྱིན་ཚུགས་དང་མི་ཚུགས) ཚུ་ལེགས་ཤོམ་སྦེ་ ཧ་གོ་ཞིནམ་ལས་ ཐོས་རྒྱའི་ཐོག་ལས་གནང་བ་བྱིན་མི་ལུ་སླབ་ཨིན། མི་ཚུ་འདྲོག་བྱེལ་འཐབ་བཅུག་ནི་མི་འོང་། དེ་འབདཝ་ད་མི་ཚུ་ལུ་ཉེན་ཁ་འབྱུང་ནི་ཨིན་མི་ཚུ་ཡང་གསང་བཞག་ནི་མི་འོང་། མི་ཚུ་གིས་ ཁོང་རའི་བརྡ་དོན་དང་གཅིག་ཁར་ གདོང་ཁར་འཐོན་པ་ཅིན་ ཁྱོད་ཀྱི་གནས་ཚུལ་འདི་ ཧེང་སྐལ་ར་ སྒྲིང་སྒྲི་འགྱོ་འོང་། བརྡ་སྤྲོད་འདི་ལུ་བརྟེན་ ཁྱོད་དང་གནས་ཚུལ་བྱིན་མི་གཉིས་ཀྱི་བར་ནའི་མཐུན་འབྲེལ་ཡང་ལེགས་ཤོམ་འགྱོ་འོང། གལ་སྲིད་ ངོ་རྟགས་ལ་ལུ་ཅིག་གསང་བ་སྦེ་བཞག་ཡོདཔ་ཨིན་རུང་ ཤུལ་ལས་བདེན་པའི་ལོ་རྒྱུས་གཞན་ཡང་འཐོན་ནིའི་གོ་སྐབས་ཡོད།

སྙིང་རྗེ་ནི་མེན་པར་དཀའ་ངལ་ཧ་གོ་དགོ

བསམ་འཆར་དཔེར་ན་ “ཨ་ཡེ་་འདྲོག་སི་སི་སྦེ་ ཁྱོད་ལུ་བལྟ་སྟེ་ཕངས་མས” ཟེར་མི་ཚུ་གིས་ ཁོང་ཆ་ཁྱབ་ལུ་ ལྕོགས་གྲུབ་མེདཔ་བཟུམ་དང་ ཧེང་སྐལ་རནུས་པ་མེདཔ་དང་ ཐབས་ཆག་སི་སི་ཨིན་པའི་ཚོར་སྣང་ཤར་བཅུག་འོང་། ཁོང་ལུ་ལོ་རྒྱུས་བཤད་ནིའི་དོན་ལུ་ ཉེན་སྲུང་དང་ལྡན་པའི་ ས་གོ་བྱིན་དགོ། བཅོས་མ་མ་ཡིན་པ་ གོ་ཡངས་ཐོག་ལས་ མི་ངོམ་འདི་ལུ་ མནོ་བསམ་གཏང་ནི་དང་ བློ་ཁོག་བཙུགས་ནིའི་དུས་ཚོད་ཚུ་བྱིན་དགོ། འཕྲལ་འཕྲལ་ར་ བློ་སྟོབས་བསྐྱེད་བཅུག་ནིའི་ རྒྱབ་སྐྱོར་ཚུ་བྱིན་དགོདཔེར་ན་ མགུ་ཀྱོག་ཀྱོག་འབད་དེ་ “ཨིན་པས་ འཕྲོ་མཐུད་པས་ཆོག་” ཡང་ན་ “དོ་རུང་ཧེང་སྐལ་སླབ་ད་” ཟེར་སླབ་ནི་ལ་སོགས་པ། གལ་སྲིད་ ལམ་སྲོལ་གྱི་སྒྲིག་ལམ་དང་འགལ་བ་མེད་པ་ཅིན་ ལག་པར་བཤད་དེ་ སེམས་གསོ་འབད་ནི་ཚུ་ཡང་མ་རུངམ་མེད། འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོག་ལས་ལམ་སྟོན་འབད་དགོ

འབྲི་ནི་འདི་ནམ་མཚམས་འཇོག་འབད་དགོཔ་ཨིན་ན་ཤེས་དགོཔ།

འཕྲལ་འཕྲལ་སྦེ་ ཁྱོད་ཀྱི་ཟིན་ཐོ་བཞག་ཐངས་ལུ་བལྟ་སྟེ་ གནས་ཚུལ་བྱིན་མི་ཚུ་སེམས་གཡེང་ནིའི་ཉེན་ཁ་ཡོད། ཚོར་ཤུགས་ཅན་གྱི་དོན་ཚན་གུ་ལྷོད་པའི་སྐབས་ འབྲི་ནི་བཞག་སྟེ་ཉན་ནི་ལུ་གཙོ་བོར་བཏོན་དགོ། ཟིན་ཐོ་འདི་ཤུལ་ལས་བཀོད་རུང་བཏུབ།

གུས་ཞབས་འབད་དགོཔ།

དྲི་བ་ཚུ་ གཅིག་ཤུལ་གཉིས་སྦེ་ འབྱེལཝ་འབྱེལ་སར་ བཀོད་ནི་མི་འོང་། དྲི་བའི་ལན་ཚུ་ སྤྲོ་བ་ཆེ་བའི་ཤུགས་ཀྱིས་ ལོག་སྤྱོད་འབད་ནི་མི་འོང་། ཁྱོད་རང་ ཁོང་གི་ས་གོ་ནང་ འཛུལ་ནི་རྩིས་རྐྱབ་སྟེ་དྲི་བ་སྣང་མེད་སྦེ་བཀོད་ནི་མི་འོང་།

རྩལ་དུ་བཏོན་དགོཔ།

སེམས་ཚོར་དྲག་པོའི་གནས་སྟངས་ཚུ་ སེམས་ཁར་བཞག་དགོ་པའི་ཁར་ དྲི་བ་སྲ་ཀྲག་ཚུ་ཡང་བཀོད་དགོ། ཁོང་གིས་ སྡུག་སྦྱོང་གི་ཉམས་རྒུད་པ་ཨིན་ཟེར་སླབ་པ་ཙམ་གྱིས་ ངེས་བདེན་འོང་མི་སྲིད། མི་ལ་ལོ་ཅིག་གིས་ སྤྲོས་བཏགས་ནི་ཡོདཔ་ཨིན། ལ་ལོ་ཅིག་གིས་ ཁོང་ར་ལུ་ དཀའ་ངལ་བྱུང་ཡོད་མི་འདི་ སླབ་དགོ་མ་མནོ་བར་ སྣང་མེད་བསྐྱུར་ཏེ་ བཞག་། ཁོང་གི་ལོ་རྒྱུས་ཚུ་ངེས་བདེན་ཨིན་པའི་ར་ཁུངས་བཟང་མ་ཚུགས་པ་ཅིན་ ཁོང་གི་གནད་དོན་འདི་ བཏགས་སར་བསྐྱལ་མི་ཚུགས་ཟེར་སླབ་དགོ། དྲི་བ་གཞན་བཟུམ་སྦེ་ འདི་གི་སྐབས་ལུ་ཡང་ གནས་ཚུལ་ཚུ་ག་བསྡུར་འབད་དེ་བལྟ་དགོ


གནས་ཚུལ་འཐོབ་ཚུགས་མི་ཚུགས་འདི་ འོས་འབབ་ཡོད་པའི་དྲི་བ་དྲིས་མ་དྲིས་ལུ་རག་ལས་འོང། དེ་འབདཝ་ད་ མི་མང་གི་དོན་ལུ་ འདི་གི་སྐོར་ལས་ཡོངས་སུ་རྫོགསཔ་སྦེ་འབྲི་དགོཔ་འདི་གལ་ཆེ། ཤུལ་མའི་ལེའུ་ནང་ ཁྱོད་ཀྱིས་བསྡུ་བསྒྱོམས་འབད་ཡོད་པའི་བརྡ་དོན་ཚུ་ཕྱི་སེལ་རྐྱབ་སྟེ་གནས་ཚུལ་སྤྲོ་བ་ཆེ་ཏོག་ཏོ་ ག་དེ་སྦེ་བཟོ་ནི་ཨིན་ན་གི་སྐོར་ལས་ གྲོས་བསྡུར་འབད་འོང་།