༡. ཞིབ་བརྟག་ཅིག་གི་འཆར་གཞི་བརྩམ་ཚུལ།

༡. ཞིབ་བརྟག་ཅིག་གི་འཆར་གཞི་བརྩམ་ཚུལ།


ཁྱོད་ཀྱིས་ གནས་ཚུལ་གྱི་གནས་སྐབས་ཅིག་ ཐོབ་མི་དེ་ལས་ ཕྲང་ཕྲང་ར་ ཞིབ་དཔྱད་གུ་ འགྱོ་མི་ཚུགས། ཁྱོད་ཀྱི་གནས་སྐབས་དེ་ འགོ་བཙུགས་ས་ཚིགས་ཙམ་ཅིག་ཨིན། ཞིབ་བརྟག་གནས་ཚུལ་ལུ་ མི་སྡེའི་འགན་ཁག་སྦོམ་ཡོད་པའི་ཁར་ ཁྲིམས་ཀྱི་ཉེན་ཁ་ཡང་ ལེ་ཤ་ཡོདཔ་ལས་ ག་དེ་དྲག་དྲག་ མཐིལ་ཕྱིན་དང་ དྲང་བདེན་ ཆ་ཚང་ཡོདཔ་ ངེས་གཏན་བཟོ་དགོ། དེ་བཟུམ་མའི་གནས་ཚུལ་ འབྲི་ནི་གི་དོན་ལུ་ སྡེ་ཚན་མཉམ་རུབ་ཀྱི་བརྩོན་ཤུགས་དགོ་པའི་ཁར་ མ་དངུལ་བརྩིས་པའི་ཐོན་ཁུངས་ ལེ་ཤ་དགོཔ་མ་ཚད་ ཕན་ཚུན་གྱི་བརྒྱུད་འབྲེལ་ལེགས་ཤོམ་དགོ། དེ་གིས་སྦེ་ གནས་ཚུལ་དེ་གི་གོ་རིམ་ རེ་རེ་བཞིན་དུ་གི་ འཆར་གཞི་ཁ་གསལ་བཀོད་དགོ།

ཁྱོད་ཀྱི་ལཱ་གི་འཆར་གཞི་དེ་ཡང་ གནས་ཚུལ་གྱི་གནས་སྐབས་དེ་ ག་ཏེ་ལས་ བྱུང་མི་དང་འཁྲིལ་དགོ། གནས་སྐབས་དེ་ ཁྱོད་རའི་མིག་མཐོང་ལག་བཟུང་ ཡང་ན་ ལོ་རྒྱུས་ནང་ལས་ བྱུང་བྱུངམ་ཨིན་པ་ཅིན་ དེབཟུམ་མའི་ རང་རྐྱང་གི་ཉམས་མྱོང་ཚུ་ རྒྱ་ཆེཝ་སྦེ་ གཞན་ལུ་ཁྱབ་སྟེ་ཡོད་མེད་ ངེས་གཏན་བཟོ་དགོ། གནས་སྐབས་དེ་ གསང་བའི་བརྡ་དོན་ཅིག་ལས་ ཐོབ་ཐོབ་ཨིན་པ་ཅིན་ གོམ་པ་ཐེབས་ གདོང་ཁར་མ་སྤོཝ་ལས་ འབྱུང་ཁུངས་དེའི་བདེན་ཁུངས་དང་ བློ་གཏད་ ཀུན་སློང་ཚུ་ ཞིབ་དཔྱད་འབད་དགོ། ཁྱོད་ཀྱི་འབྱུང་ཁུངས་ཚུ་ འཁྲུལ་བ་མེདཔ་ཨིན་པའི་ཁར་ འགོ་ཐོག་གི་བདེན་ཁུངས་ཚུ་ལུ་ འགྱུར་ལྡོག་མེད་པ་ཅིན་ ཁྱོད་རའི་གནས་སྐབས་དེ་ ལག་ལེན་འཐབ་སྟེ་ ཞིབ་བརྟག་གནས་ཚུལ་ཅིག་ འབྲི་ནི་གི་འཆར་གཞི་བརྩམ་དགོ། ཨིན་རུང་ འགོ་ཐོག་གི་འཆར་གཞི་དེ་ གོ་ཡངས་ཏོག་ཏོ་སྦེ་ བཞག་དགོཔ་ད་ དེ་ཡང་ ཞིབ་དཔྱད་ཀྱི་སྐབས་ལུ་ བརྡ་དོན་གསརཔ་དང་ མཐོང་ཚུལ་མ་འདྲཝ་འཐོན་པ་ཅིན་ བསྒྱུར་བཅོས་འབད་དགོཔ་འཐོན་འོང་།

འཕྲལ་འཕྲལ་འབད་ གནས་ཚུལ་ཅིག་ རྒྱ་ཆེའི་གནས་སྐབས་ཅིག་གི་ཐོག་ལས་ འགོ་བཙུགསཔ་ད་ གནད་དོན་རྣམ་པ་སྣ་ཚོགས་ལུ་ ༼འཛིན་སྐྱོང་འཐབ་ནི་ལུ་ལཱ་ཁག་ཡོད་མི༽ ཞིབ་དཔྱད་འབད་དགོཔ་ འཐོནམ་ཨིན། ཨ་མི་རི་ཀའི་གསར་ཤོག་ ཨེཊི་ལེན་ཊ་ ཇོར་ནཱལ་-ཀཱནསི་ཊི་ཊུས་ཤཱན་ (Atlanta Journal-Constituion) གྱི་ འཛིན་སྐྱོང་རྩོམ་སྒྲིགཔ་བགྲེསཔ་ ཐོ་མཱསི་ཨོ་ལི་བར་གྱིས་ བཀོད་མིའི་ནང་ ལས་འགུལ་ཚུ་ནང་ དོན་ཚན་གཅིག་གི་སྐོར་ ཤེས་དགོ་མནོ་རེ་མནོ་ཚད་ཀྱི་ གནད་དོན་རྣམ་པ་སྣ་ཚོགས་ མང་དྲགས་ལུ་འགྱུར་བའི་བསྒང་ལས་ འདི་ནི་ལེགས་ཆ་མེན་པར་ ཉེས་ཆ་ཨིན་ ཟེར་ཨིན་མས།

གནས་སྐབས་དེ་ གོང་འཕེལ་གཏང་ནི་དང་ ལེགས་ཤོམ་བཟོ་ནིའི་ ཐབས་རིག་ལེགས་ཤོམ་ཅིག་ རང་གི་འབད་ཐངས་ཚུ་ འབྲི་དགོཔ་ཨིན། དེ་ཡང་ མཐའ་མཇུག་ལུ་ ཁྱོད་ཀྱི་གནས་ཚུལ་དེ་ ག་ཅི་བཟུམ་ཅིག་འོང་ནི་ཨིན་ན་ བཤད་པ་རྐྱབ་སྟེ་ སྲུང་གི་བཅུད་དོན་ ཐུང་ཀུ་ཅིག་འབྲི་དགོ། གནས་ཚུལ་དེ་གི་དོན་ལུ་ གནས་ཚུལ་རྩོམ་སྒྲིག་ཁང་ནང་ སེམས་སྒོ་ཕྱེ་ནི་གི་ཐབས་ལམ་ཅིག་འདི་ཨིནམ་ད་ འོས་བབ་ཡོད་པའི་ འགྲེལ་བཤད་ལེ་ཤ་བཀོད་དགོ། འདི་ལུ་བརྟེན་ཏེ་ ཁྱོད་ཀྱི་གནས་ཚུལ་གྱི་སྲུང་དེ་ ས་གནས་ཀྱི་ལྟ་ཐངས་ལས་ བཀོད་སྒྲིག་ལེགས་ཤོམ་ འགྱོ་མ་འགྱོ་དང་ ལུང་ཕྱོགས་དང་ རྒྱལ་ཡོངས་ལུ་ དེ་གི་བྱེམ་ཕོག་མི་ཕོག་ བལྟ་ནི་ལུ་ཕན་ཐོགས་ཡོད། གོ་རིམ་འདི་ཁར་ འོག་གི་དྲི་བ་ཚུ་ སེམས་ཁར་བཞག་དགོ།

  • > ག་ཅི་བྱུང་ནུག་གོ? ཁྱོད་ཀྱི་གནས་ཚུལ་ལྷག་མི་ཚུ་གིས་ ག་ཅི་སྦེ་ སྣང་དག་བསྐྱེདཔ་ཨིན་ན་?
  • > འབྲེལ་བ་ཡོད་མི་ ག་དང་ག་ར་ཨིན་ན? ཁོང་གིས་ ག་དེ་སྦེ་ འབད་འབདཝ་ཨིན་ན? གནོད་སྐྱོན་ག་ཅི་ར་བྱུང་ནུག?
  • > ནོར་བ་ག་ཅིག་བྱུང་ནུག? ནོར་བ་དེ་ ག་དེ་སྦེ་ བྱུང་བྱུངམ་ཨིན་ན? ག་ཅི་སྦེ་ ནོར་བ་ཐོན་སོཔ་ཨིན་ན? དེ་ལུ་བརྟེན་པའི་གནོད་པ་ ག་ཅི་བྱུང་ནུག?
  • > གནས་ཚུལ་དེ་བཏོན་པ་ཅིན་ ག་ལུ་ ཕན་ཐོགས་འབྱུང་ནི་མས་ ཡང་ན་ ག་ལུ་གནོད་ནི་མས? གནས་ཚུལ་དེ་གིས་ མི་སྡེའི་ཁྱད་བཅུད་དང་ སྤྱོད་ལམ་སྐོར་ལས་ རྩོད་བསྡུར་འབྱུང་ནི་མས་ག? གནས་ཚུལ་དེ་གིས་ ལམ་ལུགས་ ཡང་ན་ བྱ་རིམ་གྱི་སྐྱོན་ཆ་ཚུ་ གསལ་སྟོན་འབད་ནི་མས་ག?

དྲི་བ་དེ་ཚུ་ལུ་ ལན་རྐྱབ་པ་ཅིན་ ཁྱོད་ཀྱི་གནས་ཚུལ་དེ་ བཀོད་ཐངས་ཀྱི་མནོ་བསམ་གཏང་ནི་དང་ ཞིབ་དཔྱད་འབད་ཐངས་ཀྱི་ ཐབས་ལམ་བསྒྲིག་ནི་ལུ་ ཕན་ཐོགས་འབྱུང་འོང་།


དཔེར་ན་ འཐུང་ཆུ་བཀྲམ་སྤེལ་གྱི་ལཱ་གཡོག་དེ་ སྒེར་སྡེ་ལུ་སྤྲོད་པའི་ཤུལ་ལུ་ ཆབ་གསང་བཤལ་ནད་ཀྱི་ དཀའ་ངལ་སྦོམ་ཅིག་འཐོན་སོ་པ་ཅིན་ ཁྱོད་ཀྱི་གནས་ཚུལ་གྱི་ ལྟ་ཐངས་ ཡང་ན་ གཙོ་བཏོན་དེ་ མི་སེར་ཚུ་ལུ་ མེད་ཐབས་མེད་པའི་ གཞི་རྟེན་མཐུན་རྐྱེན་དེ་ སྒེར་སྡེ་ལས་ ཉོ་མ་ཚུགས་པར་ འབྱུང་ཁུངས་གཞན་སྤྱོད་མི་ལས་ དཀའ་ངལ་བྱུང་ཡོད་པའི་སྐོར་ལས་བཀོད་དགོ། ཡང་ན་ འཐུང་ཆུ་བཀྲམ་སྤེལ་འཕྲུལ་ཁང་ལུ་སོང་སྟེ་ འཐུང་ཆུའི་ཉེན་སྲུང་ཚུ་ ལངམ་ཡོད་མེད་བལྟ་ཞིནམ་ལས་ ཉེན་སྲུང་མེད་པའི་གནད་དོན་ལུ་ གཙོ་བོར་བཏོན་དགོ། དེ་གི་སྐབས་ལུ་ དྲི་བ་དེ་ཚུ་སེམས་ཁར་བཀལ་བ་ཅིན་ གནས་ཚུལ་འབྲི་དགོ་པའི་ རྒྱུ་རྐྱེན་དེ་ཚུ་སྟོན་ཚུགསཔ་ཨིན།

ཁྱོད་ཀྱི་གནས་ཚུལ་དེ་ མི་མང་གི་མཐའ་དོན་ངོ་མ་ ཨིན་ན་མེན་ འ་ནེམ་ཅིག་ཁར་བལྟ་དགོ། བདེན་པ་མེད་པའི་སྐྱོན་བརྗོད་ཙམ་ཅིག་ཨིན་པ་ཅིན་ བཀོ་བཞག་དགོ། ཁྱོད་ཀྱིས་གནས་ཚུལ་བཀོད་པའི་སྐབས་ གོ་དོན་མ་འདྲཝ་སོ་སོ་སྟོན་མི་ མིང་ཚིག་ཚུ་ ལག་ལེན་འཐབ་ནི་མི་འོང་། ཁྱོད་ཀྱིས་རང་ལུ་དགོ་པའི་སྒྲུབ་བྱེད་ཚུ་ གེ་ར་ ཐོབ་ཞིནམ་ལས་ དྲི་བ་དེ་ཚུ་གུ་ལོག་སྟེ་ དེ་དང་འཁྲིལ་ཏེ་ འབྲི་ནི་འགོ་བཙུགས་དགོ།