འབྱུང་ཁུངས་ཐོ་བཀོད་:ཞིབ་བརྟག་གནས་ཚུལ་ འབྲི་ནིའི་བྱ་རིམ་ནང་ ལཱ་གི་གོམ་རིམ་གཉིས་པམ་དེ་ སྲུང་ནང་འབྲེལ་གཏོགས་ཡོད་པའི་ མི་ངོ་ཚུ་དང་ ཁོང་གི་བྱ་ལས་ཚུ་གི་སྐོར་ལས་དྲན་ཐོ་བཀོད་དེ་ཡོད་པའི་ ཡིག་ཆ་ཚུ་ ངོས་འཛིན་འབད་ནི་དེ་ཨིན། མི་མང་གི་ཡིག་ཆ་ མང་རབས་ཅིག་ནང་ གཞུང་དང་ སྨན་ཁང་གི་ལས་བྱེདཔ་ ལས་འཛིན་ ངན་ཚོགས་ (mafia) སྲིད་དོན་པ་ཚུ་གིས་ ག་ཅི་འབད་ཡོདཔ་ཨིན་ན་ བཀོད་དེ་འོང་། རང་གི་འབྲེལ་གཏུགས་པ་ (contacts) སོ་སོ་ཚུ་གིས་ཡང་ ཁྱོད་ཀྱི་འགོ་ཐོག་གི་ དཔག་འཆར་དེ་ལུ་ བདེན་དཔྱད་འབད་ཚུགས་ ཡང་ན་ བདེན་མེད་བཟོ་ཚུགས། བརྡ་དོན་གཅིག་ བདེན་དཔྱད་འབད་དེ་ ངེས་གཏན་བཟོ་ནི་ལུ་ ཉུང་མཐའ་ལུ་ རེག་གཏོགས་མེད་པའི་ འབྱུང་ཁུངས་གཉིས་དགོ། འ་ནཱི་འབྱུང་ཁུངས་དེ་ཚུ་ རྒྱབ་རྟེན་མཁས་མཆོག་སྦེ་ བཏུབ་ནི་ཨིནམ་ལས་ ཁོང་གི་འབྲེལ་གཏུགས་ཁ་གསལ་ཚུ་ ཁྱོད་རའི་ཁ་བྱང་གི་དེབ་ནང་ བཀོད་དགོཔ་གལ་ཆེ།

འབྱུང་ཁུངས་ལུ་ དབྱེ་བ་གཉིས་ཡོད་མི་དེ་ཡང་ གཙོ་བོ་དང་ ཡན་ལག་ཨིན།

འབྱུང་ཁུངས་གཙོ་བོ࿒ དེ་ཡང་ སྒྲུབ་བྱེད་ཐད་ཀར་བྱིན་མི་དང་ ཉམས་མྱོང་ཐད་ཀར་སླབ་མི་ འབྱུང་ཁུངས་ཚུ་ཨིན། དཔེར་ན་ སྨན་ཁང་གི་རྒྱབ་སྒོ་ལས་ སྨན་གཡོགམོ་ཅིག་ལས་ སྨན་ཉོ་ཡོད་པའི་ ནདཔ་ཅིག་གིས་ སྨན་གཡོགམོ་གིས་ རྒྱབ་ཁ་ལས་ སྨན་བཙོང་བའི་ལོ་རྒྱུས་ ཁ་གསལ་མ་སླབ་རུང་ སྨན་གྱི་ནག་ཚོང་ཡོད་པའི་སྐོར་ལས་ བདེན་དཔྱད་འབད་ཚུགས།  འཐུང་ཆུ་བཀྲམ་སྤེལ་འཕྲུལ་ཁང་གི་ལཱ་བཀོདཔ་ཅིག་ལུ་ ཆུའི་གཙང་དྲག་སྤུས་ཚད་ཀྱི་བརྟག་དཔྱད་ བདུན་རིམ་གྱི་ཚབ་ལུ་ ཟླ་རིམ་ལུ་འབད་དགོ་པའི་ བཀོད་རྒྱ་ཐོབ་སྟེ་ཡོད་མི་དེ་ཡང་ འབྱུང་ཁུངས་གཙོ་བོ་ཨིན། དེ་བཟུམ་སྦེ་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཅིག་གི་ དངུལ་ཁང་གི་ དངུལ་རྩིས་གསལ་བཤད་ནང་ རྒྱལ་སྤྱིའི་གོ་མཚོན་ལས་སྡེ་ཅིག་ལས་ དངུལ་སྤྲོད་ཡོདཔ་སྦེ་ འཁོད་ཡོད་མི་དེ་ཡང་ བདེན་དཔྱད་འབད་དེ་ ངེས་བདེན་ཨིན་པ་ཅིན་ འབྱུང་ཁུངས་གཙོ་བོ་ཨིན། དེ་ཚུ་གིས་ ཐད་ཀར་གྱི་སྒྲུབ་བྱེད་བྱིན་ཚུགསཔ་ལས་ ཕན་ཐོགས་ཆེ་ཤོས་ཀྱི་ འབྱུང་ཁུངས་ཨིན། དེ་ཚུ་ཐོབ་ཚུགས་པར་ གནམ་མེད་ས་མེད་ ལཱ་ཁག་ཡོད། དེ་ཡང་ འབྲེལ་བ་ཡོད་པའི་ ཉམས་མྱོང་ཅན་ཚུ་གིས་ ཁོང་རང་ལུ་གནོད་ཉེན་འབྱུང་བའི་ དོགས་སྣང་ལུ་བརྟེན་ཏེ་ ལོ་རྒྱུས་སླབ་མི་བཏུབ། དངུལ་ཁང་གི་རྩིས་བཤད་ལ་སོགས་པའི་ ཡིག་ཆ་དང་ སྨན་ཁང་གི་དྲན་ཐོ་ཚུ་ཡང་ གསང་བའི་ཐོག་ལུ་བསྡམས་ཏེ་བཞག་པའི་ཁར་ སྒེར་གསང་གི་ཁྲིམས་ལུགས་ཚུ་གིས་ བཀག་ཆ་འབདཝ་ཨིན།

ཡན་ལག་འབྱུང་ཁུངས࿒ ཡན་ལག་འབྱུང་ཁུངས་ཀྱི་གྲངས་སུ་ ལས་ཚོགས་ཁག་གི་སྙན་ཞུ་དང་ མི་ངོ་གཉིས་པ་ལས་བརྒྱུད་པའི་ལོ་རྒྱུས་ཚུ་བརྩིས་ཏེ་ དཔེ་སྐྲུན་འབད་ཡོད་པའི་ཡིག་ཆའི་རིགས་ ཆ་མཉམ་ཚུདཔ་ཨིན། ཡན་ལག་འབྱུང་ཁུངས་ཚུ་ གལ་ཆེ་ཏོག་ཏོ་ཨིན་མི་དེ་ཡང་ དམིགས་བསལ་གྱིས་ སྐབས་དོན་དང་རྒྱབ་ཁུངས་ ངོས་འཛིན་འབད་ནི་དང་ དཀའ་ངལ་ཚུ་གི་བཤད་པ་རྐྱབ་ནི་ལུ་ ཕན་ཐོགས་ཡོད་པའི་ཁར་ འབྲེལ་གཏུགས་པ་ ལེགས་ཤོམ་ལུ་ འཁྱིད་ཚུགསཔ་ཨིན། ཨིན་རུང་ དེ་ཚུ་ནང་བཏོན་པའི་ སྒྲུབ་བྱེད་དང་ དེ་ཚུ་འབྱུང་སའི་ མི་ངོ་ཚུ་ ཞིབ་དཔྱད་ཀྱི་ཐོག་ལས་ བདེན་དཔྱད་འབད་དགོ།

ཁྱོད་ཀྱིས་ འབྱུང་ཁུངས་ལྷམ་པ་བཞི་གི་ཐོག་ལས་ དབྱེ་བ་ཕྱེ་ཚུགས་ནི་ཨིན་མི་དེ་ཡང་ འགྲོ་བ་མི་ལུ་བརྟེན་པའི་འབྱུང་ཁུངས་དང་ ཡིག་ཆ་ལུ་བརྟེན་པའི་འབྱུང་ཁུངས་ཌི་ཇི་ཊཱལ་ ༼འཕྲུལ་རིག༽ ལུ་བརྟེན་པའི་འབྱུང་ཁུངས་ མི་ཚོགས་ལུ་བརྟེན་པའི་འབྱུང་ཁུངས་ཚུ་ཨིན། (human source, paper source, digital source and crowd-source)

ཀ༽ འགྲོ་བ་མི་ལུ་བརྟེན་པའི་འབྱུང་ཁུངས་: འབྱུང་ཁུངས་མང་རབས་ཅིག་ དབྱེ་བ་འདི་ནང་ཚུདཔ་ཨིན་མི་དེ་ཡང་ ་ཐད་ཀར་བཅའ་མར་གཏོགས་མི་དང་ མིག་མཐོང་ལག་བཟུང་གི་འཛོམས་དཔང་ མཁས་མཆོག་ དང་འདོད་ཡོད་རུང་མེད་རུང་ འབྲེལ་བ་ཡོད་མི་ཚུ་ཨིན། ཁྱོད་ཀྱིས་འཕྱད་པར་འགྱོ་མི་མི་ངོ་ཚུ་གི་ གོ་གནས་དང་ ལཱ་འགན་ ཀུན་སློང་ཚུ་ཤེས་དགོ། འཐུང་ཆུ་སྒེར་སྡེ་ལུ་སྤྲོད་པའི་ གནས་ཚུལ་ཅིག་གི་སྐོར་ལས་ཨིན་པ་ཅིན་ སྒེར་སྡེ་ལུ་སྤྲོད་ནི་ལུ་ རྒྱབ་འགལ་འབད་མི་ ལས་ཚོགས་ཚུ་གི་ ངོ་ཚབ་ཚུ་གིས་ རྒྱབ་འགལ་ཀྱི་བརྡ་དོན་ མང་རབས་ཅིག་སླབ་ནི་འོང་།

དེའབདཝ་ད་ བརྡ་དོན་ཚུ་ དམིགས་བསལ་ཕྱོགས་གཅིག་གི་ཁ་ཐུག་ལས་འོངམ་ཨིན། ལས་ཚོགས་ཀྱི་ངོ་ཚབ་ཚུ་གིས་ གཙོ་བོ་ མི་སྡེ་ཁག་ལེ་ཤ་ཅིག་གི་མགྲིན་ཚབ་ལུ་  ལོ་རྒྱུས་བཤདཔ་ད་ མི་སྡེ་ཁག་གི་བསམ་འཆར་ཚུ་ དག་བཅོས་འབད་ བཅུད་བསྡུ་སྟེ་སླབ་པའི་སྐབས་ གནད་དོན་ཚུ་ལུ་ འགྱུར་བ་དང་ གལ་ཅན་ཚུ་ འཛགས་ལུས་ཤོར་འོང་། དེ་གིས་སྦེ་ ཁྱོད་ཀྱིས་བསམ་འཆར་ སྣ་མང་ལུ་བལྟ་དགོ། མི་སྡེའི་འཐུས་མི་ཚུ་ལུ་ ལོ་རྒྱུས་འདྲིཝ་ཨིན་པ་ཅིན་ མི་སྡེ་སྣ་ཚོགས་ཚང་དགོཔ་དེ་ཡང་ ཕོ་དང་མོ་ རྒསཔ་དང་གཞོནམ་ འོང་འབབ་འདྲ་མིན་ཡོད་མི་ དང་འདོད་མ་འདྲཝ་བསྐྱེད་མི་སྡེ་ཚན་ གེ་ར་ཚུད་དགོ། འགྲོ་བ་མིའི་བསམ་བཤད་ཀྱིས་ ཁྱོད་ཀྱི་གནས་ཚུལ་དེ་ལུ་ བདེན་ཁུངས་བྱིན་པའི་ཁར་ སྤྲོ་སྣང་ཅན་བཟོ་ཚུགསཔ་ཨིན།

༼ཁ༽ ཡིག་ཆ་ལུ་བརྟེན་པའི་འབྱུང་ཁུངས་: འདི་གི་གྲངས་སུ་ དཔེ་དེབ་དང་ གསར་ཤོག་ གཞུང་འབྲེལ་དྲན་ཐོ་ བརྒྱུད་འཕྲིན་ཁ་བྱང་གི་དེབ་/ཐོ་དེབ་ ཚོང་འབྲེལ་ཡིག་ཆ་ དཔེར་ན་ ཁག་འབག་འགན་འཛིན་དང་ དངུལ་ཁང་གི་རྩིས་བཤད་ཚུ་ཚུདཔ་ཨིན། འདི་གི་གྱལ་ཁར་ ཡིག་ཆ་རྙིངམ་ ཧེ་མ་བཀྲམ་སྤེལ་འབད་ཡོད་རུང་ དཔེ་སྐྲུན་མ་འབད་བར་ལུས་མི་ དཔེར་ན་ སྒེར་གྱི་ལས་ཚོགས་ཚུ་གིས་ བལྟ་ཞིབ་འབད་མི་དང་ སློབ་རིག་གི་ཞིབ་འཇུག་ཡང༌ན༌ གསང་བའི་ཐོག་ལུ་ བཞག་ཡོད་མི་ཚུ་ཚུདཔ་ཨིན། དེ་འབདཝ་ད་ ཡིག་ཆ་ཚུ་ ཐོབ་ཚུགས་ནི་ལུ་ དོ་འགྲན་འབྱུངམ་ཨིན། རེ་སྐབས་ཅིག་ ང་བཅས་ཀྱིས་ སྒྲུབ་བྱེད་ཡོད་མེད་ཡང་ ཤེས་མི་ཚུགས། གཞུང་གི་འདྲ་ཐོ་ཚུ་ ཚུལ་མཐུན་ཅིག་མེད་པའི་ཁར་ བརྡ་བརྒྱུད་ཀྱི་དོན་ལུ་ འབྲེལ་བ་ཡོད་པའི་ཡིག་ཆ་ཚུ་ལེན་ཆོག་པའི་ བརྡ་དོན་རང་དབང་གི་ཁྲིམས་ལུགས་མེད་པའི་དཀའ་ངལ་ཡོད། ས་གོ་ནང་ཡོད་པའི་ འགོ་དཔོན་དེ་ཚུ་གིས་ བརྡ་དོན་དེ་ཚུ་ ཕྱིར་བཤད་འབད་མི་ལུ་བརྟེན་ཏེ་ གནོད་ཉེན་འབྱུང་བའི་དོགས་པ་བསྐྱེད་དེ་ ཁྱོད་ལུ་གནད་སྡུད་དེ་ཚུ་ ཐོབ་ནི་ལུ་ བར་ཆད་རྐྱབ་འོང་། དེ་གིས་སྦེ་ ཚ་གཉེར་བཏོན་ཏེ་ རང་ལུ་དགོ་པའི་བརྡ་དོན་ཚུ་ ག་ཏེ་ལུ་ཡོད་ག་ ག་དེ་སྦེ་ འཐོབ་ཚུགས་ག་ ངོས་འཛིན་འབད་དགོ། སྔ་གོང་ལས་ གནང་བ་ལེན་དགོཔ་རེ་ཡོད་པ་ཅིན་ ག་དེ་མགྱོགས་མགྱོགས་ལེན་དགོཔ་གལ་ཆེ། དེ་ཡང་ རེ་སྐབས་ཅིག་ གཞུང་འབྲེལ་གནང་བ་ཐོབ་ནི་ལུ་ བདུན་ཕྲག་དང་ ཟླཝ་ལས་བཅད་དེ་འགོརཝ་ཨིན།

༼ག༽ ཌི་ཇི་ཊཱལ་ ༼འཕྲུལ་རིག༽ ལུ་བརྟེན་པའི་འབྱུང་ཁུངས: འདི་གི་གྲངས་སུ་ ཡོངས་འབྲེལ་འཆར་སྒོ་ནང་གི་བརྡ་དོན་དང་ ཌི་ཇི་ཊཱལ་ཐོག་ལུ་བསགས་ཏེ་ཡོད་པའི་ དྲན་ཐོ་ཚུ་ཚུདཔ་ཨིན། གློག་ལམ་ཐོག་ལས་ བརྡ་དོན་རྫོགས་ནི་མེདཔ་ཅིག་ཐོབ་ཚུགསཔ་ཨིན་རུང་ འབྱུང་ཁུངས་གཞན་ཚུ་བཟུམ་སྦེ་ར་ བརྡ་དོན་དེ་ ག་ཏེ་ལས་བྱུང་བྱུངམ་ཨིན་ན་ བདེན་དཔྱད་འབད་དགོ། འགོ་དཔོན་ཚུ་གིས་ ཁོང་རའི་སྐོར་ལས་ ག་ཅི་འབྲི་དོ་ག་བལྟ་དགོཔ་མ་ཚད་ ཆ་རོགས་དང་ བཟའ་ནང་འཐུས་མི་ཚུ་གིས་ ཁོང་གི་སྐོར་ལས་ ག་དེ་སྦེ་སླབ་ཨིན་ན་ ཞིབ་དཔྱད་འབད་དགོ། སེམས་ཁར་ངེས་དགོཔ་ཅིག་ ཡོངས་འབྲེལ་འཆར་སྒོ་ལུ་ ཚད་འཛིན་མེདཔ་ལས་ མི་ག་གིས་ཡང་ བདེན་ཁུངས་མེད་པའི་ བརྡ་དོན་རྫུས་མ་བརྩིས་ཏེ་ གནད་དོན་ག་ཅི་ཡང་འབྲི་འོང་། དེ་མ་ཚད་ ཡོངས་འབྲེལ་འཆར་སྒོ་ནང་གི་ བརྡ་དོན་ཚུ་ ཡུན་རིང་གི་བར་ན་སྡོདཔ་ལས་ རེ་སྐབས་ཅིག་ དུས་ཚོད་རྫོགས་ཏེ་ འབྲེལ་བ་མེདཔ་ཐལ་ཡོད་པའི་ བརྡ་དོན་ཚུ་ཡང་འོངམ་ཨིན། ཨ་རྟག་ར་ འཕྲལ་ཁམས་ཐོན་པའི་ འབྱུང་ཁུངས་ཚུ་འཚོལ་དགོ། རང་ལུ་ཕན་ཐབས་ཀྱི་དོན་ལུ་ ཡུ་རོ་པི་ཡན་ བརྡ་བརྒྱུད་ལྟེ་བ་(European Journalism Centre) གིས་ དཔེ་སྐྲུན་འབད་ཡོད་པའི་ བདེན་དཔྱད་ལག་དེབ་དེ་(Verification Handbook) ཡོངས་འབྲེལ་ནང་ལས་ རིན་མེད་སྟོང་མར་ ཕབ་ལེན་འབད་ཚུགས། དེ་ནང་ལུ་ ཌི་ཇི་ཊཱལ་ནང་དོན་ཚུ་ལུ་ འབྲེལ་འཛིན་འབད་ཐངས་ཀྱི་ ལག་ཆས་དང་ཐབས་རིག་ཚུ་ཡོད།

༼ང་༽ མི་ཚོགས་ལུ་བརྟེན་པའི་འབྱུང་ཁུངས࿒ ལག་ཆས་གསརཔ་འདི་གིས་ འགྲོ་བ་མི་དང་ ཌི་ཇི་ཊཱལ་འབྱུང་ཁུངས་གཉིས་ གཅིག་བསྡོམས་འབདཝ་ཨིན། འདི་གི་ཐོག་ལས་ བརྡ་བརྒྱུད་ལས་སྡེ་ཚུ་གིས་ གནས་ཚུལ་ལྷག་མི་ཚུ་ལུ་ ཁོང་རའི་ཉམས་མྱོང་ཚུ་ ཊུ་ཡི་ཊར་ནང་ བཀོད་བཅུག་ནི་ ཡང་ན་ ཕེསི་བུག་གི་ དངོས་མཐོང་གློག་བརྙན་ཐོག་ལུ་ དྲི་བ་དྲི་ལན་འབད་དེ་ ཞིབ་བརྟག་གནས་ཚུལ་ལུ་ ཕན་འདེབས་འབད་བཅུགཔ་ཨིན།

འབྱུང་ཁུངས་ཀྱི་དབྱེ་བ།ཕན་ཐབས།ཡོན་ཏན/ལེགས་ཆ།དཀའ་གྱི་ཉེན་ཁ།
འགྲོ་བ་མི།གནས་ཚུལ་ལུ་
ཚེ་སྲོག་དང་ བདེན་ཁུངས་བྱིནམ་ཨིན།
དངོས་སུ་འཕྱད་དེ་ དྲི་བ་དྲི་ལན་འབད་ནི་ལུ་ ཐབས་རིག་སྦོམ་མིན་དགོ།

མི་ངོ་དང་པམ་ལས་ ཐད་ཁར་ཐོབ་པའི་ཉམས་མྱོང་འདི་གིས་ གནས་ཚུལ་དེ་ལུ་ ལྷག་པར་དུ་ ཡིད་ཆེས་ཡོདཔ་བཟོཝ་ཨིན།
མི་ཚུ་གི་ཕྱོགས་ལྷུང་དང་ ཤོབ་རྐྱབ་འོང་།

སྒྲུབ་བྱེད་ཐུང་ཀུ་རྐྱངམ་ཅིག་སླབ་འོང་། དྲི་བ་དྲི་ལན་གྱི་ཡུལ་དེ་ གཞན་གྱི་ཁྱད་ཆོདཔ་ཅིག་ཨིན་དགོ།

གནས་ཚུལ་ལས་ཁང་ལུ་ བློ་སླབ་མི་ལུ་བརྟེན་ཏེ་ མི་ལུ་གནོད་པ་འབྱུང་འོང་། ཁོང་ལུ་ཉེན་སྲུང་འབད་དགོ།
ཡིག་ཆ།ཡིག་ཐོག་གི་སྒྲུབ་བྱེད་བྱིནམ་ཨིན།

སྔོན་རབས་དང་སྐབས་དོན་བྱིནམ་ཨིན།
ཡན་ལག་འབྱུང་ཁུངས་ཚུ་གིས་ ཞིབ་འཚོལ་གྱི་རྒྱབ་ཁུངས་དེ་ རང་གིས་ཚུགས་མི་ལས་ལྷག་སྟེ་ རྒྱ་བསྐྱེད་འབདཝ་ཨིན།

དངོས་གསལ་འབྱུང་ཁུངས་
༼དཔེར་ན་ དངུལ་ཁང་གི་དྲན་ཐོ༽ ཚུ་ བློ་གཏད་རུང་བ་ཨིན།
སྒེར་གསང་ཁྲིམས་ལུགས་ཀྱིས་བཀག་ཆ་འབད་འོང་། ཕྱིར་སེལ་རྐྱབ་ནི་ལ་སོགས་པ་འོང་།

ཐོབ་ཚུགས་པར་ ལཱ་ཁག་འོང་ ཡང་ན་ དུས་ཡུན་འགོར་འོང་།

ཧ་གོ་ནི་གི་དོན་ལུ་ མཁས་མཆོག་དགོ། དཔེར་ན་ དངུལ་རྩིས་ཡིག་ཆ་ལྟ་བུ།

སྤྲོ་བ་མེད་པ ཡང་ན་ དངོས་བཤད་མེད་པའི་ སློབ་རིག་ཅན་གྱི་གནས་ཚུལ་ཅིག་འཐོན་འོང་།
ཌི་ཇི་ཊཱལ།རང་གིས་ག་ཅི་སླར་འདྲེན་འབད་མི་དང་འཁྲིལ་ཏེ་ ལྟག་གི་ཚུ་གེ་ར་འབད་ཚུགས།སྒྲ་དང་གློག་བརྙན་སྤྱོད་ནི་བརྩིས་ཏེ་ རང་གི་གློག་རིག་ནང་ལས་འབད་ཚུགས།

བརྡ་དོན་དེ་ རྒྱལ་ཡོངས་དང་ རྒྱལ་སྤྱིའི་འབྱུང་ཁུངས་ལེ་ཤ་ཅིག་ནང་ལས་ མགྱོགས་པར་གཏང་ཚུགས།
སྤྲོ་སྣང་ག་ནི་ཡང་མེད་པའི་ གནས་ཚུལ་ཅིག་ལུ་འགྱུར་འོང་།

ཡོངས་འབྲེལ་གྱི་ཉེན་སྲུང་ལུ་ ཉེན་ཁ་འཐོན་འོང་།

ཡོངས་འབྲེལ་ནང་ གནད་དོན་བདེན་དཔྱད་འབད་ནི་འདི་ ལཱ་ཁག་ཡོད།

གནད་སྡུད་ཚུ་ཐོབ་ཚུགས་པའི་ ཁྲིམས་ལུགས་ཚུ་ཡོདཔ་འོང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཚུ་ མཚན་གནས་མ་ཚད་ ཁྱབ་ཚད་ལུ་ཡང་ མ་འདྲཝ་ཡོད་ལས་བརྟེན་ ཀུན་ལུ་ཁྱབ་ཚུགས་པའི་བསླབ་བྱ་བྱིན་ནི་ལཱ་ཁག་ཡོད། ཁྱོད་ཀྱིས་ཞིབ་དཔྱད་ཀྱི་ལཱ་ འགོ་མ་བཙུགས་པའི་ཧེ་མ་ལས་ རང་གི་རྒྱལ་ཁབ་ནང་གི་ ཁྲིམས་ལུགས་ཚུ་ ཞིབ་འཚོལ་འབད་དགོ།