༢. རང་རྐྱང་གིས་འབད་ནི་ ཡང་ན་ སྡེ་ཚན་བཟོ་ནི།

༢. རང་རྐྱང་གིས་འབད་ནི་ ཡང་ན་ སྡེ་ཚན་བཟོ་ནི།


ཞིབ་བརྟག་གནས་ཚུལ་ཅིག་ རང་རྐྱང་གིས་འབད་དགོ་པའི་ རྒྱུ་མཚན་ལེ་ཤ་ཡོད་མི་དེ་ཡང་།

  • > གནས་ཚུལ་དེ་གི་རྒྱ་ཚད་དེ་ རང་གིས་འབད་ཚུགསཔ།
  • > དེ་ལུ་མཁོ་བའི་ འཐོན་ཁུངས་ ཡང་ན་ འབྲེལ་གཏུགས་ཚུ་ ཆ་མཉམ་མེད་རུང་ མང་ཤོས་ཅིག་ རང་ལུ་ཡོདཔ།
  • > སྡེ་ཚན་གྱི་མཉམ་རོགས་ཚུ་ལུ་ བློ་གཏད་ཚུགས་མི་ཚུགས་ ཐེ་ཚོམ་ཡོདཔ།

ཨིན་རུང་ འཕྲལ་འཕྲལ་སྦེ་ ཞིབ་བརྟག་གནས་ཚུལ་ཚུ་ རྒྱ་ཆེ་དྲགས་ལུ་འགྱུར་ཏེ་ མི་ཅིག་གིས་ འབད་མ་ཚུགསཔ་ཨིན། ལགཔ་ལེ་ཤ་ཡོདཔ་ད་ ལཱ་འཇམ་པའི་ཁར་ མིག་ཏོ་ལེ་ཤ་ཡོདཔ་ད་ གནས་ཚུལ་གྱི་མཐོང་རྒྱ་ཆེ་བ་མ་ཚད་ མི་ཅིག་གིས་ ག་མནོཝ་འབད་ནིའི་ཉེན་ཁ་ མར་ཕབ་འགྱོཝ་ཨིན།

ཁྱོད་ཀྱིས་ གནས་ཚུལ་ཅིག་ སྡེ་ཚན་བཟོ་སྟེ་ ཞིབ་དཔྱད་འབད་ནི་སྦེ་ ཐག་བཅད་པ་ཅིན་ ལཱ་གི་རིམ་པ་ཐེབས་ བརྩམ་དགོཔ་ཡོད། དང་པ་ར་ ལས་འགུལ་འཛིན་སྐྱོང་པ་ཅིག་ ཐག་བཅད་དགོ། མི་ངོ་དེ་ ཧ་ཅང་གིས་ གལ་ཅན་ཨིན་མི་དེ་ ཁོ་གིས་འབད་ སྡེ་ཚན་གྱི་འཐུས་མི་གཞན་ གེ་ར་ལས་ འབྲེལ་བ་ཡོད་པའི་ཕན་འདེབས་ལངམ་ ཐོབ་ཚུགསཔ་ ངེས་གཏན་བཟོ་དགོ་པའི་ཁར་ དེ་ཚུ་གེ་ར་ གཅིག་ཁར་བསྡུ་སྒྲིག་འབད་དགོ། གོ་རིམ་གཉིས་པ་དེ་ གོ་བསྡུར་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་སྟེ་ འཐུས་མི་ཆ་མཉམ་འཛོམས་ཏེ་ གནད་དོན་དེའི་སྐོར་ རིག་བསྡུར་འབད་ཞིནམ་ལས་ ག་ཅི་འབད་དགོཔ་ཨིན་ན་ ཐོ་ཡིག་ཁ་གསལ་ཅིག་བཟོ་དགོ། བྱ་རིམ་དེ་གི་དོན་ལུ་ སྒྲིག་བཀོད་ཅིག་བཟོ་སྟེ་ ཐག་བཅད་དགོ།

  • ? སྡེ་ཚན་གྱི་འཐུས་མི་ཚུ་ དུས་ཚོད་ནམ་དང་ ག་དེ་སྦེ་ བརྒྱུད་འབྲེལ་འཐབ་ནི་ཨིན་ན?
  • ? ཞུན་དག་གི་བྱ་རིམ་ ག་ཅི་བཟུམ་ཅིག་ཨིན་ན?
  • ? སྡེ་ཚན་གྱིས་ ཞིབ་དཔྱད་ཀྱི་སྐབས་ལུ་ བྱ་སྟབས་མ་བདེཝ་བྱུང་མི་ཚུ་ ག་དེ་སྦེ་ སེལ་ནི་ཨིན་ན?
  • ? མཐར་ཐུག་གི་གནས་ཚུལ་ལུ་ འཐུས་མི་ཆ་མཉམ་གྱིས་ ག་དེ་སྦེ་ མོས་མཐུན་འབྱུང་ནི་ཨིན་ན?
  • ? ཟད་འགྲོ་ག་ཅི་ར་ གཏང་ནི་ཨིན་ན?
  • ? སྡེ་ཚན་དེ་གིས་ གསང་བའི་ཐོག་ལུ་ཉན་ནི་ཨིན་ན་ གསང་བའི་ཐོག་ལུ་འབད་ནི་ཨིན་ན་ ཡང་ན་ ཁག་ཆེ་བ་ཅིན་ ཡིག་ཆ་ཚུ་ལུ་ རིན་འཐུས་སྤྲོད་ནི་ཨིན་ན?

ཁེ་ཕན་ལྟག་སྤྲོད་ བཀག་ཐབས་ལུ་ ལཱ་འགན་ཚུ་ཡང་ ཧིང་སངས་ས་བཟོ་དགོ། གལ་སྲིད་ སྡེ་ཚན་གྱི་འཐུས་མི་ཅིག་ གནས་ཚུལ་ལས་ཁང་ཅིག་གི་ བཀོད་ཚོགས་འཐུས་མི་ཨིན་པ་ཅིན་ བཀོད་ཚོགས་ཀྱིས་ སྡེ་ཚན་འདི་གི་ཞིབ་དཔྱད་སྐོར་ལས་ གྲོས་ཐག་བཅད་པའི་སྐབས་ མི་ངོ་དེ་གིས་ འབྲེལ་གཏོགས་མེད་པར་ ཟུར་སྡོད་དགོ། དེ་མ་ཚད་ ལས་འགུལ་འཛིན་སྐྱོང་པ་དང་ ལས་ཚོགས་ཀྱི་འགོ་འཛིན་གྱི་བར་ན་གི་ འབྲེལ་བ་དེ་ཡང་ ལེགས་ཤོམ་སྦེ་ ཧ་གོ་དགོ། དེ་ཡང་ རེ་སྐབས་ཅིག་ འབྲེལ་གཏུགས་པ་ཚུ་ལས་ ཧ་གོ་ཚུགས།

སྡེ་ཚན་དེ་གིས་ གནས་ཚུལ་གྱི་གནད་དོན་དེ་གི་སྐོར་ལས་ གོམས་སྦྱང་འབད་དགོ། འཐུས་མི་གེ་ར་གིས་ ཞིབ་དཔྱད་དེ་གི་སྐོར་ ཕྱི་ནང་གསང་གསུམ་གེ་ར་ ཧ་གོ་ཡི་ག? སྡེ་ཚན་འདི་ མི་མང་གི་འཐུས་མི་ཨིན་པའི་ཆ་ལས་ གནད་དོན་འདི་ནང་ དང་འདོད་ག་ཅི་སྨོ? བྱ་སྲོལ་བཟང་པོ་དང་ ཀུན་སྤྱོད་རྣམ་གཞག་གི་སྐོར་ལས་ཡང་ གྲོས་བསྡུར་འབད་དགོ།

ལས་འགུལ་འཛིན་སྐྱོང་པ་དེ་ ཞིབ་དཔྱད་ཀྱི་འགོ་ཁྲིདཔ་ཨིནམ་ལས་ རྒྱུན་ཆད་མེད་པར་ སྡེ་ཚན་དང་འབྲེལ་བ་འཐབ་ཐོག་ལས་ སྡེ་ཚན་གྱི་འཐུས་མི་ གཞན་ཚུ་ལུ་ ལཱ་གི་གོ་རིམ་ཚུ་གི་སྐོར་ བརྡ་དོན་སྤེལ་དགོ། འཛིན་སྐྱོང་པ་དེ་གིས་ མཐའ་མཇུག་ལུ་ གནས་ཚུལ་དེ་ལུ་བརྟེན་ཏེ་ མི་མང་གི་བརྒྱུད་ལུ་ ས་གནས་ཀྱི་དཀའ་ངལ་དེའི་སྐོར་ལས་ ཤེས་བྱ་རྒྱ་བསྐྱེད་གཏང་ཚུགསཔ་ ངེས་གཏན་བཟོ་དགོ།


སྡེ་ཚན་ ཀ་པ།
སི་པོཊི་ལའིཊི། (Spotlight)
སྡེ་ཚན་ ཁ་པ།
པཱ་ན་མ་པེ་པངསི། (Panama Papers)
སི་པོཊི་ལའིཊི་སྡེ་ཚན་གྱི་ ཞིབ་འབྲས་ཚུ་ ལུང་ཕྱོགས་ཅིག་ནང་ གནས་ཚུལ་ལས་ཁང་གཅིག་གི་ སྡེ་ཚན་གྱི་གསར་རྙེད་དཔེ་སྟོན་ ལེགས་ཤོམ་ཅིག་ཨིན་མས།

སྤྱི་ལོ་༢༠༠༢ ལུ་ བཱོས་ཊཱོན་གོ་ལོབ་ཀྱི་ བརྡ་བརྒྱུདཔ་སྡེ་ཚན་ཆུང་ཀུ་ཅིག་གིས་ བཱོསི་ཊཱོན་གྱི་ ཡེ་ཤུའི་བླམ་ཆོསཔ་ཚུ་གིས་ ཨ་ལུ་ཚུ་ལུ་ ཚུལ་མིན་འདོད་སྤྱོད་དར་ཁྱབ་ཡོད་མི་ གསང་བའི་ཐོག་ལུ་ བཞག་ཡོད་མི་དེ་ མངོན་གསལ་འབད་ནུག།

ཁོང་གི་གནས་ཚུལ་དེ་ ཐོན་ཞིནམ་ལས་རྐྱངམ་གཅིག་ བརྡ་བརྒྱུད་ལས་ཁང་གཞན་ཚུ་གིས་ཡང་ ཁོང་རའི་ལུང་ཕྱོགས་ནང་ དེ་བཟུམ་མའི་གནད་དོན་སྐོར་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ནུག།

ཞིབ་དཔྱད་དེའི་སྐོར་ སྤྱི་ལོ་༢༠༡༥ ལུ་ སི་པོཊི་ལའིཊི། (Spotlight) ཟེར་མི་ གློག་བརྙན་ནང་ གསལ་སྟོན་འབད་ནུག།
པཱ་ན་མ་པེ་པརསི་ རྒྱལ་སྤྱིའི་མཉམ་འབྲེལ་གྱི་ དཔེ་ལེགས་ཤོམ་ཅིག་ཨིན་མས།

ལོ་ངོ་གཅིག་གི་རིང་ རྒྱལ་ཁབ་༧༠ དེ་ཅིག་ནང་ལས་ བརྡ་བརྒྱུདཔ་༤༠༠ དེ་ཅིག་གིས་ པཱ་ན་མའི་ ཁྲིམས་དོན་ལས་ཁང་ཅིག་གི་ གནད་སྡུད་འཛགས་ལུད་ཤོར་མི་དེ་ལུ་ ཞིབ་དཔྱད་འབདཝ་ད་ པཱ་ན་མ་ལུ་ སྲིད་དོན་པ་དང་ རྩེད་སྟོན་པ་ ཁྲིམས་འགལ་བ་ དེ་ལས་གཞན་ཚུ་གིས་ ཁྲིམས་འགལ་གནད་དོན་གྱི་དོན་ལུ་ རྒྱལ་ཁབ་ཕྱི་ཁའི་ དངུལ་ཁང་རྩིས་ཁྲ འཆང་སྟེ་ཡོདཔ་སྦེ་ བདའ་ཟུན་ནུག།

ཡིག་ཆ་ས་ཡ་༡༡ ལྷགཔ་ཅིག་ དབྱེ་ཞིབ་འབད་ཡོདཔ་ལས་ བརྡ་བརྒྱུདཔ་གཅིག་གིས་ རྩ་ལས་ར་ འབད་མ་ཚུགས་པའི་ལཱ་ཅིག་ཨིན་མས།

འཛམ་གླིང་ནང་ དངུལ་འབྲེལ་སྤྱོད་ངན་ སྦོམ་ཤོས་ཀྱི་གྲུབ་འབྲས་དེ་ སྤྱི་ལོ་༢༠༡༦ ལུ་ གནས་ཚུལ་དང་ སྐད་ཡིག་བརྒྱ་ཕྲག་ལེ་ཤ་ཅིག་ནང་ དཔར་སྐྲུན་འབད་ནུག།