༡.༡.༡. མཁས་མཆོག


དོན་ཚན་ག་ཅི་གི་སྐོར་ལས་འབད་རུང་ མཁས་མཆོག་ཡོདཔ་ཨིན། དཔེར་ན་ བྱུང་རབས་མཁས་མཆོག་ ཚན་རིག་པ་ ཁྲིམས་རྩོདཔ་ བཟོ་རིག་མཁས་མཆོག་ལ་སོགས་པ་བཟུམ་ཚུ་ཨིན། ལས་འཛིན་ཚུ་དང་འབྲེལ་བ་འཐབ་པའི་སྐབས་ མཁས་མཆོག་གདམ་ཁ་རྐྱབ་ཐངས་ འཛོལ་ནི་མི་འོང་། དཔེར་ན་ ཁྱོད་ཀྱིས་འབྲེལ་བ་འཐབ་མི་ མི་ངོ་དེ་ ཁྱོད་ཀྱི་ཞིབ་དཔྱད་འབད་བའི་བསྒང་ཡོད་མི་ ལས་སྡེ་དེ་ནང་ ལཱ་འབད་མི་ཅིག་ཨིན་དགོ། དེ་འབདཝ་ད་ ཁག་ཆེ་ཤོས་ར་ མི་དེ་གིས་ མཁས་རིག་དེ་ག་དེ་སྦེ་ ཐོབ་ཡོདཔ་ཨིན་ན་དང་ ཁྱོད་ཀྱིས་ཞིབ་དཔྱད་འབད་མི་ གནད་དོན་ནང་ འབྲེལ་བ་ཡོདཔ་མེདཔ་ཚུ་ལུ་ རག་ལས་འོང་། འབྲེལ་བ་ཡོད་པའི་ དོན་ཚན་གྱི་མཁས་མཆོག་ ཁྱད་རིག་མ་འདྲཝ་ཡོད་མི་ཅིག་ཨིན་པ་ཅིན་ ཁྱོད་ཀྱི་དོན་ཚན་ཐོག་ལུ་ རིག་པ་གསརཔ་བྱིན་འོང་། ཁྲིམས་རྩོདཔ་དང་ ཁྲིམས་སྲུང་འགོ་དཔོན་ དྲུང་འཚོ་ ཐ་ན་ དྲི་དཔྱད་འབད་མི་ཚུ་གིས་ཡང་ འགྲོ་བ་མིའི་དབང་ཆའི་ཁྲིམས་ལུགས་དང་ མ་མཐུན་པའི་དོན་ཚན་ཐོག་ལུ་ གནས་ཚུལ་གྱི་དོན་ལུ་ འགྲོ་བ་མིའི་དབང་ཆའི་སྐོར་ བརྡ་སྐུལ་འབད་མི་ཅིག་བཟུམ་སྦེ་ར་ ཕན་ཐོགས་འོང་།

ཨིན་རུང་ མཁས་མཆོག་གེ་ར་ ཅོག་ཅིགཔ་སྦེ་ བློ་གཏད་ཚུགསཔ་མི་འོང་། འདི་འབདཝ་ལས་ ཁྱོད་ར་གིས་ བློ་གཏད་པའི་བརྡ་བརྒྱུདཔ་ གཞན་ཚུ་ལས་ རྒྱབ་སྣོན་ལེན་དགོཔ་མ་ཚད་ མི་ངོ་དེ་གི་ཤེས་ཚད་ཚུ་ཡང་ དབྱེ་ཞིབ་འབད་དགོ། ལས་སྡེ་ཚུ་གིས་ མ་དངུལ་རྒྱབ་སྐྱོར་འབད་ཡོད་པའི་ ཚན་རིག་པ་ཚུ་གིས་ བཤད་ཚུལ་འདི་ རྒྱུད་སྐུལ་རྐྱབ་མིའི་བཤད་ཚུལ་ལས་ སོ་སོ་མི་འོང་དོ་ཡོདཔ་ལས་ ཚན་རིག་པ་ད་ཚུ་གི་ ཞིབ་འཚོལ་དེ་ ག་གི་དོན་ལུ་ འབད་དོ་ཡོདཔ་ཨིན་ན་ ཧ་གོ་དགོ། ཁོང་གི་ལཱ་ལུ་ བསྟོད་བསྔགས་དང་སྐྱོན་བརྗོད་ ག་དེ་སྦེ་འདུག་ག་བལྟ་དགོ། ཁུངས་ལྡན་གྱི་མཁས་མཆོག་ (མཁས་མཆོག་གི་སྙན་ཞུ) ཚུ་ཨིན་རུང་ དྲི་དཔྱད་འབད་དགོ། གལ་སྲིད་ མཁས་མཆོག་སོ་སོའི་བར་ན་ འདི་ལུ་མོས་མཐུན་མེད་པ་ཅིན་ ཁྱད་པར་ཚུ་ གསལ་སྟོན་འབད་ནིའི་ ཐབས་ཤེས་བསྒྲིག་སྟེ་ གནས་ཚུལ་ལྷག་མི་ལུ་ གོ་དོན་སྤྲོད་ཚུགསཔ་བཟོ་དགོ། གལ་སྲིད་ མཁས་མཆོག་ཚུ་གི་བར་ན་ འདོད་ཚུལ་གྱི་ཐད་ཁར་ ཅོག་ཅིགཔ་ཐོན་པ་ཅིན་ དེ་ཚུ་ག་ཅི་སྦེ་ཨིན་ན་ གནས་ཚུལ་ལྷག་མི་ཚུ་ལུ་ འགྲེལ་བཤད་རྐྱབ་དགོ། དེ་འབདཝ་ད་ མཁས་མཆོག་ཚུ་གི་ ཁྱད་ཆོས་ཚུ་ཡང་ ཞིབ་འཚོལ་འབད་དགོ

ཡུན་རིང་གི་བར་ན་ བརྡ་བརྒྱུད་ཀྱི་ཧོངས་ལས་ འཛམ་གླིང་ཚ་དྲོད་ ཡར་འཕར་དང་འབྲེལ་བའི་ རྩོད་འགྲན་འདི་ དགག་སྒྲུབ་ གཉིས་ཆ་ར་ འདྲན་འདྲ་ཡོདཔ་སྦེ་ གསལ་སྟོན་འབད་དེ་ཡོདཔ་ཨིན། ཤུལ་ལས་ བརྟག་ཞིབ་སྙན་ཞུ་ཚུ་གིས་ འདི་ནང་གི་ དགག་ཕྱོགས་ཀྱི་མཁས་མཆོག་མང་ཤོས་ཅིག་ ནུས་ཤུགས་ལས་སྡེ་གིས་ གླ་འཐུས་སྤྲོད་ཡོད་པའི་ བརྒྱུད་སྐུལ་པ་ཚུ་ཨིན་པའི་ གསལ་སྟོན་བྱུང་ཡོདཔ་ཨིན། དོན་དངོས་ཐོག་ལུ་ ལོ་ངོ་མང་རབས་ཅིག་གི་རིང་ ཚན་རིག་གི་སྒྲུབ་བྱེད་ ལེ་ཤ་ཅིག་གིས་ འཛམ་གླིང་ཚ་དྲོད་ཡར་འཕར་འགྱོ་དོ་ཡོདཔ་དང་ དེ་ཡང་ཉེན་ཁ་ཅན་ཅིག་སྦེ་ བརྡ་སྟོན་འབད་ཡོདཔ་ཨིན།

འདི་དང་འདྲཝ་སྦེ་ གཞུང་གི་ལས་ཁུངས་ཀྱི་ མཁས་མཆོག་ཚུ་ལུ་ཡང་ དོགས་པ་བསྐྱེད་ཐོག་ལས་ ངོས་ལེན་འབད་དགོ། དེ་ཡང་ གཞུང་གི་མཁས་མཆོག་ཚུ་ཡང་ གཞན་དང་ཅོག་ར་འཐདཔ་སྦེ་ བདེན་ཕྱོགས་དང་ རྫུན་ཕྱོགས་གཉིས་ཆ་ར་འོང་སྲིད། སྐབས་སྐབས་ལུ་ གཞུང་གིས་ བཙན་དབང་ཐོག་ལས་ བརྡ་དོན་ཚུ་བཀོད་སྒྲིག་འབད་དེ་ གསལ་སྟོན་འབད་བཅུག་ནི་གི་ ཉེན་ཁ་འབྱུང་སྲིད། འབྱུང་ཁུངས་གཞན་དང་ གཅིག་མཚུངས་སྦེ་ གཞུང་གི་བརྡ་དོན་འབྱུང་ཁུངས་ཚུ་ཡང་ འབྱུང་ཁུངས་གཉིས་པ་འཚོལ་ཏེ་ བདེན་དཔྱད་འབད་དགོ། འཕྲལ་འཕྲལ་སྦེ་ གཞུང་གི་ལས་ཁུངས་ཀྱི་ མཁས་མཆོག་ཚུ་གི་ཁ་ཐུག་ལས གཞུང་འབྲེལ་མིན་པའི་ གནད་བཤད་ཚུ་ ཁྱོད་ཀྱི་གནས་ཚུལ་ནང་བཀོད་ནི་མེད་རུང་ རྒྱབ་རྟེན་གནས་ཚུལ་ཁ་སྐོང་སྦེ་བཏུབ་ཨིན།

རྒྱལ་སྤྱིའི་གཙུག་སྡེ་ཚུ་ ང་བཅས་རའི་ ཡིག་ཐོག་སྙན་ཞུ་དང་ སྲིད་བྱུས་ཚུ་གི་ ཁུངས་གཏུགས་ས་གཅིག་ཨིན་པའི་མནོ་བསམ་གཏང་ནི་ལུ་ ལང་ཤོར་ཐལ་ཡོདཔ་ཨིན། དེ་ཚུ་གིས་ ཁོང་རའི་རྒྱལ་ཁབ་ནང་འཁོད་དང་ ཁོང་ར་ལཱ་འབད་སའི་རྒྱལ་ཁབ་གཞན་ཚུ་ནང་ གལ་ཆེ་བའི་ མཐུན་འབྲེལ་བཟོ་ནི་ཚུ་ཡང་འབད་ཚུགས། ལས་སྡེ་དེ་ཚུ་གིས་ ཁྱོད་ལུ་ཆ་རོགས་འབད་དགོ་པའི་ འགན་འཁྲི་ཕོག་སྟེ་མེད་རུང་ མང་ཆེ་ཤོས་ཅིག་ བྱམས་སེམས་དང་ལྡནམ་མ་ཚད་ ཁྱོད་ཀྱི་ཞིབ་འཚོལ་དེ་ལུ་ ཁོང་རའི་སྤྲོ་བ་སྦོམ་ཡོད་པ་ཅིན་ ཆ་རོགས་འབད་འོང་། ཞིབ་འཚོལ་དེ་གིས་ ཁོང་གི་བསམ་བཀོད་དང་ གནས་ཚུལ་ཚུ་ བཙུགས་བཅུགཔ་ལས་ འདི་དང་དོ་མཉམ་གྱི་ འབྱུང་ཁུངས་གཞན་ལུ་ཡང་ དྲི་བ་དྲིས་ལན་འབད་དགོཔ་ཡོདཔ་མེདཔ་ཚུ་ ལྟ་ཞིབ་འབད་བྱིན་འོང་།

རེ་ཚེ་སྐབས་ ཁྱོད་ཀྱིས་ཞིབ་འཚོལ་འབད་བཞིན་ཡོད་པའི་དོན་ཚན་ཚུ་ ཤེས་བཅུག་པ་ ཡང་ན་ གནས་ཚུལ་ཚུ་ ཧ་ལམ་ཅིག་ ཧེ་མ་ལས་ཐོབ་ཡོད་ན་ མཐུན་འབྲེལ་ཚུ་བསྒྲིག་དགོ། དེ་ཚུ་ལུགས་ཡངས་ཐོག་ལས་ འབྲེལ་བ་ཡོད་མི་ཚུ་ལས་བརྒྱུད་དེ་འབད་རུང་ ཡང་ན་ ཞིབ་འཚོལ་ལས་འགུལ་འདི་གི་ སྔོན་འགྲོའི་བཅུད་དོན་ཅིག་ དཔེ་སྐྲུན་ཐོག་ལས་འབད་དགོ། དེ་གི་སྐབས་ལུ་ མི་ངོམ་གསརཔ་ཚུ་གིས་ གློག་འཕྲིན་དང་ བསམ་བཀོད་ཐོག་ལས་ གནས་ཚུལ་ཐེབས་བྱིན་ནིའི་སྐོར་ལས་ ཁས་བླངས་ཚུ་འབད་འོང་། ཡང་ན་ ཧེ་མ་ དང་འདོད་མེད་མི་ཚུ་གིས་ཡང་ ཁྱོད་ཀྱི་སྙན་ཞུ་དེ་ བཅོ་ཁ་རྐྱབ་བྱིན་ནི་སྦེ་ གདོང་ཁར་འཐོན་འོང་། དེ་འབདཝ་ད་ ཤུལ་ལས་གནོད་ཉེན་ཡོདཔ་ལས་ ཨ་རྟག་ར་ ཐབས་ལམ་དེ་གི་ ཕན་པ་དང་གནོད་པའི་ཆ་གཉིས་ཆ་ར་ དབྱེ་བ་དཔྱད་དགོ། མི་ཚུ་གིས་ ཁྱོད་ཀྱི་ཞིབ་འཚོལ་གྱི་སྐོར་ལས་ ཧ་གོ་སྟེ་ སྒྲུབ་བྱེད་ཚུ་ སྦ་གསང་སྦེ་བཞག་ནི་དང་ འབྱུང་ཁུངས་ཚུ་ལུ་ བརྡ་དོན་སླབ་མི་བཅུག་ནི་ དེ་ལས་ ཁྱོད་ཀྱི་ལཱ་ལུ་ བར་ཆད་རྐྱབ་འོང་།

གལ་སྲིད་ ཁྱོད་ཀྱིས་ ཁྱོད་རའི་གནས་ཚུལ་ལུ་ རྒྱབ་སྐྱོར་འབད་མི་ མཁས་མཆོག་མ་ཐོབ་རུང་ མཚམས་འཇོག་འབད་དོ་ བཞག་ནི་མི་འོང་། ཁྱོད་ཀྱིས་འཛོལ་ཏེ་ མཁས་མཆོག་ཕྱི་འགྱུར་ཅིག་ལུ་ དྲི་བ་བཀོད་སྲིད་ནི་ ཡང་ན་ དྲི་བ་དེ་ར་ ཕྱི་འགྱུར་འབད་བཀོད་སྲིད་འོང་། ཁྱོད་ཀྱི་སྙན་ཞུ་ནང་ བསམ་འཆར་འདྲ་མིན་སྣ་ཚོགས་ཡོད་མི་གིས་ ཁྱོད་ར་བློ་གོ་ཡངས་དྲགས་ཡོད་པའི་ བརྡ་སྟོནམ་མ་ཚད་ དེ་གིས་མཁས་མཆོག་གཞན་ཅིག་གིས་ བསམ་འཆར་སོ་སོ་བཀོད་ནིའི་ གོ་སྐབས་བཟོ་འོང་།