མི་ཚུ་གིས་ ཞིབ་བརྟག་བརྡ་བརྒྱུད་རིང་ལུགས་ལུ་ ཕན་ཐོགས་ནི་དང་ ཉེས་ཅན་ཚུ་ གསལ་སྟོན་འབད་ནི་དང་ འབྲེལ་བ་ག་ནི་ཡང་མེད་རུང་ རྒྱུ་མཚན་གཞན་ལུ་བརྟེན་ཏེ་ གསང་བའི་གནས་ཚུལ་ཚུ་བྱིནམ་ཨིན། རང་གིས་ གནས་ཚུལ་འབྱུང་ཁུངས་ འཚོལ་སྟེ་འགྱོ་བི་སྐབས་ལུ་ཡང་ འདི་དང་ཆ་འདྲ། ཁོང་རའི་སྐྱིད་སྡུག་དང་ གནས་སྟངས་ མནོ་ལུགས་ཚུ་ལུ་བརྟེན་ཏེ་ གནས་སྟངས་ལ་ལུ་ཅིག་གི་སྐོར་ལས་ ལོ་རྒྱུས་ཐེབས་སླབ་ནི་དང་ ལ་ལུ་ཅིག ་གསང་བཞག་འོང་། ལ་ལུ་ཅིག་གིས་ ཁྱོད་ལུ་དགོ་ནི་མས་མནོ་བའི་ གནས་ཚུལ་རྐྱངམ་གཅིག་སླབ་འོང་། ཁོང་གི་སྐོར་ལས་ རྒྱབ་ཁུངས་ཞིབ་འཚོལ་འབད་བ་ཅིན་ ཧ་གོ་ཚུགས། ཁོང་གིས་ ཁྱོད་དང་གཅིག་ཁར་ བློ་སླབ་པའི་སྐབས་ སྤྱོད་ལམ་སྟོན་ཐངས་ཚུ་གིས་ཡང་ ཁྱོད་ལུ་ཕན་ཐོགས་འབྱུང་འོང་།

མི་ཚུ་གིས་ རེ་ཚེ་སྐབས་ ཁ་ལས་ག་མནོ་འཐོན་འགྱོ་ནི་དང་ ཁ་གསལ་སྦེ་ སླབ་མ་ཚུགས་པར་ འཛོལ་དོ་ཡོདཔ་ཨིན། གནས་སྟངས་འདི་གཉིས་ཆ་ར་ལུ་ རང་དབང་ཅན་གྱི་ འབྱུང་ཁུངས་ཅིག་འཚོལ་ཏེ་ བདེན་དཔྱད་འབད་དགོ། འབྱུང་ཁུངས་མ་འདྲཝ་ གཉིས་ཆ་ར་ལས་ཐོབ་པའི་ སྒྲུབ་བྱེད་ཚུ་ འགལ་བ་མེདཔ་སྦེ་ འོང་དགོཔ་ཨིན་རུང་ གཉིས་ཆ་ར་ཅོག་འཐདཔ་སྦེ་འོང་ནི་འདི་ དཀོན་སུ་ཅིག་ཨིན། འབྱུང་ཁུངས་གཉིས་པ་འདི་ མ་ཐོབ་པ་དང་ ཡང་ཅིན་ དུས་ཚོད་ཀྱིས་ བདའ་མ་ཟུན་པ་ཅིན་ གནས་ཚུལ་ནང་ལུ་ གཏན་འཁེལ་བཟོ་མ་ཚུགས་པའི་སྐོར་ལས་བཀོད་དགོ། དེ་འབདཝ་ད་ ཁྱོད་ཀྱི་གནས་ཚུལ་ནང་ བདེན་ཁུངས་སྐྱེལ་མ་ཚུགས་པའི་ གནད་དོན་ལེ་ཤ་ཡོད་པ་ཅིན་ འདི་གིས་ ཁྱོད་རའི་གནས་ཚུལ་དེ་གི་ ནུས་པ་ཆུང་ཀུ་བཟོཝ་མ་ཚད་ ཁྱོད་རའི་དྲང་སྤྱོད་ལུ་ཡང་ དོགས་པ་ཆགས་འོང་།

གལ་སྲིད་ འབྱུང་ཁུངས་གཉིས་པ་ལས་ཐོབ་པའི་ གནས་ཚུལ་འདི་ ཧེ་མའི་གནས་ཚུལ་དང་རྒྱབ་འགལ་སྦེ་ འཐོན་སོང་པ་ཅིན་ མི་མང་ལུ་ བརྗོད་ཚུལ་མ་འདྲཝ་གཉིས་ཆ་ར་ གོ་བརྡ་སྤྲོད་དགོཔ་དང་ ཡང་ན་ གནས་ཚུལ་ནང་ གཉིས་ཆ་ར་འབྲེལ་མཐུན་བཟོ་སྟེ་བཤད་དགོ། དཔེར་ན་ “ནང་སྲིད་ལྷན་ཁག་གིས་ ཕོ་སྐྱེས་དེ་ཚུ་གིས་ གོ་མཚོན་འབག་སྟེ་ ས་མཚམས་བརྒལ་འོངས་ཡི་” ཟེར་སླབ་མི་འདི་དང་ སྲུང་སྐྱོབ་ལྷན་ཁག་གིས་ “མི་དེ་ཚུ་ལུ་ གོ་མཚོན་མིན་འདུག་” ཟེར་སླབ་དོ་བཟུམ་ ཁ་གསལ་འདི་ཚུ་ ཁྱོད་ཀྱི་གནས་ཚུལ་ནང་ཚུད་དགོ་པའི་ འོས་བབ་མ་མཐོང་བ་ཙམ་གྱིས་ སྣང་མེད་བསྐྱུར་སྟེ་ བཞག་དགོཔ་མེད། མ་མཐུན་པའི་གནས་སྟངས་དེ་ཚུ་ ཁྱོད་ཀྱིས་དོན་ཚན་དང་ འབྲེལ་བ་ཡོད་པ་ཅིན་ ངོས་ལེན་འབད་དགོ། སེ་མུར་ཧརཱཤ་བཟུམ་མའི་ ཁྱད་དུ་འཕགས་པའི་ལཱ་ཤུལ་ཡོད་མི་དང་ མི་ལེ་ཤ་དང་འབྲེལ་བ་ཡོད་མི་ བརྡ་བརྒྱུདཔ་ཚུ་གིས་ འཕྲལ་འཕྲལ་སྐབས་ འབྱུང་ཁུངས་ཕུད་རྡོག་གཅིག་ལུ་ གཞི་བཞག་བཞགཔ་འོང་། དེ་འབདཝ་ད་ མང་ཤོས་ཅིག་གིས་ འདི་བཟུམ་མི་འབད།

ཐ་ན་ ཁྱོད་དང་འབྲེལ་བ་འཐབ་མི་ མི་ངོ་དེ་ཡང་ ཁོ་ར་གིས་ ངོ་སྤྲོད་འབད་དོ་བཟུམ་ ཨིནམ་མེནམ་དབྱེ་བ་དཔྱད་དགོ། མི་དེ་ལཱ་ག་ཏེ་འབདཝ་ཨིན་ན་ ཁོ་རའི་ཁ་བྱང་ ནང་མི་བཟའ་ཚང་གི་ཁ་གསལ་ དམག་སྡེའི་ཁ་གསལ་ ལམ་ཡིག་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ སྣུམ་འཁོར་གཏང་ཆོག་པའི་ཆོག་ཐམ་ཚུ་ ངེས་བདེན་ཨིན་པའི་བདེན་ཁུངས་ སྐྱེལ་ཚུགས་པས་ག? གལ་སྲིད་ མི་ངོ་འདི་ལུ་ ཧེ་མ་ལས་ བྱ་ངན་དང་ སྒེར་གྱི་དཀའ་ངལ་ སེམས་ཁམས་ནད་གཞི་དང་ འབབ་ཁུངས་ཀྱི་དཀའ་ངལ་ རྩུབ་སྤྱོད་འབད་མི་དང་ མགུ་སྐོར་རྐྱབ་སྟེ་ སྡོད་མི་ཅིག་ཨིན་པ་ཅིན་ ཁོ་གི་སླབ་མི་འདི་ཚུ་ལུ་ དམིགས་བསལ་གྱིས་ དོགས་པ་ཆགས་དགོ། གལ་སྲིད་ མི་ངོ་དེ་གིས་ བརྡ་དོན་བྱིན་ནི་གི་ དང་འདོད་མེད་པ་ཅིན་ བརྡ་དོན་ཚུ་ ག་ཅི་སྦེ་གསང་བཞག་དོ་ཡོདཔ་ཨིན་ན་གི་སྐོར་ལས་ རྒྱུ་མཚན་སྦོམ་ཡོདཔ་ལས་ ཁོ་གིས་བྱིན་པའི་བརྡ་དོན་ལུ་ ཡིད་ཆེས་བསྐྱེད་ནི་ཨིན་ན་མེན་ན་ ཐག་བཅད་ནིའི་དོན་ལུ་ ཆ་རྐྱེན་ཅིག་སྦེ་བཞག་དགོ

ཁྱོད་ར་ལུ་དགོཔ་ ག་ཅི་ཨིན་ན་ ཧ་གོ་ཞིནམ་ལས་རྐྱངམ་གཅིག་ ཁྱོད་ར་གིས་ཐོབ་ཡོད་པའི་ བརྡ་དོན་ཚུ་གི་སྤུས་ཚད་ ག་དེ་སྦེ་འདུག་ག ་དབྱེ་བ་དཔྱད་ཚུགས། འབྱུང་ཁུངས་དེ་གིས་ བརྡ་དོན་དེ་གི་སྐོར་ལས་ ཁྱོད་ལུ་འགྲེལ་བཤད་རྐྱབ་སྟེ་བྱིན་ཡི་ག? ཡང་ན་ སྒྲུབ་འབྱེད་ཆ་ཚང་ཅིག་ བྱིན་ཡི་ག? བརྡ་དོན་ཚུ་ མཉམ་སྡེབ་འབདཝ་ད་ མཐར་ཐུག་ལུ་ མཐའ་བསྡོམས་སོ་སོ་ཅིག་བཏོན་ཚུགས་ག? འབྱུང་ཁུངས་དེ་ལས་ གནས་ཚུལ་ཁ་གསལ་ཏོག་ཏོ་དང་ སྒྲུབ་བྱེད་རྡོག་རྡོག་རིལ་རི་ཅིག་ ཐོབ་ཅི་ག? མི་དེ་གི་ཉམས་མྱོང་དེ་གིས་ མི་སྡེ་སྤྱིའི་ཉམས་མྱོང་ མཚོན་ཚུགས་ནི་ཨིན་པས་ག? གནས་སྟངས་དེ་ ་དུས་མཐུན་ཨིན་པས་ག? ཡང་ཅིན་ དུས་ཡུན་ལེ་ཤ་གི་ཧེ་མ་ བྱུང་བྱུངམ་ཅིག་འབད་ནི་དེ་གིས་ གནས་སྟངས་ཚུ་གྱུར་བ་སོང་སྟེ་ ཁ་གསལ་ཚུ་ ཕྱི་འགྱུར་སྦེ་ དྲན་དོ་ཡོདཔ་ཨིན་ན་ཚུ་བལྟ་དགོ