༢. ཁྱོད་རའི་གནས་ཚུལ་བྱིན་མི་ ཉེན་སྲུང་འབད་ནི།

༢. ཁྱོད་རའི་གནས་ཚུལ་བྱིན་མི་ ཉེན་སྲུང་འབད་ནི།


ཞིབ་བརྟག་གནས་ཚུལ་བསྡུ་བཀོད་འབད་ནི་དེ་ དམིགས་བསལ་གྱིས་ ཁྲིམས་ལུ་བརྩི་མཐོང་མེད་མི་དང་ བརྡ་བརྒྱུདཔ་ཚུ་བཙན་དབང་ཐོག་ལས་ འཛིན་བཟུང་དང་ དམར་བསད་འབད་དོ་ཡོད་པའི་ བཀའ་བཙན་རིང་ལུགས་ཀྱི་ རྒྱལ་ཁབ་ཚུ་ནང་ ཉེན་ཁ་ཅན་ཅིག་ཨིན། དེ་འབདཝ་ལས་ གསང་བའི་ཐོག་ལས་ ལཱ་འབད་ནི་དེ་ཁག་ཆེ། གནས་ཚུལ་གསལ་སྟོན་འབད་ནི་དེ་གིས་ གནས་ཚུལ་བྱིན་མི་དེ་ལུ་ ཉེན་ཁ་ཡོད་པ་ཅིན་ ཉེན་བརྡ་འབད་ནིའི་འགན་འཁུར་ ཁྱོད་ར་ལུ་ཕོགཔ་མ་ཚད་ དེ་བཟུམ་མའི་གནས་ཚུལ་ སྤེལ་དགོཔ་དེ་ཡང་ མཐའ་མཇུག་ལུ་ མི་མང་གི་མཐའ་དོན་ལུ་ཨིན་པའི་སྐོར་ལས་ བཤད་དེ་བྱིན་དགོ། དེ་ཚུ་བསྟུན་གྲོས་འབད་ཞིནམ་ལས་རྐྱངམ་གཅིག་ མི་ངོམ་དེ་གིས་ ཁོའམ་མོའི་མིང་དེ་ གནས་ཚུལ་ནང་ གསལ་སྟོན་འབད་ཆོག་པའི་ གནང་བ་ཐོབ་ཅི་ཟེར་སླབ་ཆོག། གནས་ཚུལ་བྱིན་མི་དེ་ལུ་ ཉེན་ཁ་ཡོད་པའི་སྐོར་ ངོ་ཕྲད་སྐབས་ལུ་ གྲོས་བསྡུར་དང་ དེ་མིན་བརྒྱུད་འཕྲིན་ ཡང་ན་ གློག་འཕྲིན་ཐོག་ལས་ ཧ་གོ་བཅུག་དགོ

གནས་ཚུལ་འབྱུང་ཁུངས་དང་འབྲེལ་བའི་ གནད་དོན་ཚུ་ གཞན་གྱིས་གོ་ས་དང་ གསང་བའི་ཐོག་ལས་ སྒྲ་བཟུང་འཁོར་ལོ་བཙུགས་ཏེ་ཡོད་ས་ ཡང་ན་ བརྒྱུད་འཕྲིན་གསང་བའི་ཐོག་ལས་རྐུ་ས་དང་ གློག་རིག་ཐོག་ལས་ གསང་འཛུལ་འབད་སྲིད་པའི་ གནས་སྟངས་ཡོད་ས་ལུ་ གྲོས་བསྡུར་འབད་ནི་མི་འོང་། བརྒྱུད་འཕྲིན་ཐོག་ལས་ བརྡ་སྤྲོད་ལེན་འབད་མི་ཚུ་ འཇམ་ཏོང་ཏོ་སྦེ་ ཤུལ་འཚོལ་འབད་ཚུགས། དེ་ཡང་ ཁྱོད་ཀྱིས་བརྒྱུད་འཕྲིན་ཐོག་ལས་ ཁ་སླབ་ཡོད་མི་དང་ ཁྱོད་ག་ཏེ་འགྱོཝ་ཨིན་ན་ བལྟ་ནིའི་བརྡ་སྟོན་ཚུ་ ལག་ལེན་འཐབ་འོང་། གསང་བའི་ཞལ་འཛོམས་ཚུ་ནང་འགྱོ་བའི་སྐབས་ འགྲུལ་འཕྲིན་བསད་དེ་ འཕྲུལ་ལྟོ་བཏོན་བཞག་དགོ། གནས་ཚུལ་འབྱུང་ཁུངས་དང་འབྲེལ་བའི་ ཡིག་ཆ་དང་ ཟིན་ཐོའི་རིགས་ཚུ་ཡང་ ཉེན་ཁ་མེད་པའི་ས་གོ་ནང་ བཞག་དགོཔ་དང་ རབ་འབྱུང་པ་ཅིན་ ཞིབ་འཚོལ་དེ་ནང་ མ་པ་ལས་ འབྲེལ་བ་མེད་པའི་ མི་ཅིག་གི་ལག་པར་བཞག་དགོ

སྦ་གསང་མེད་པར་ ག་ཅི་དྲིས་རུང་ འཛོལ་བ་མེད་པར་སླབ་མི ་དཔང་པོ་ཨིན་པ་ཅིན་ དབང་ཚད་ཅན་གྱི་འོག་ལུ་ཡོད་པའི་ གཡོ་སྒྱུ་འབད་མི་དང་ ཤོབ་རྐྱབ་མི་ དེ་ལས་ འཛོལ་བ་འབད་མི་ཚུ་ བཀག་ནིའི་ཐབས་ཤེས་ ནུས་པ་ཅན་ཅིག་ཨིན། དེ་འབདཝ་དང་ ཁྱོད་ཀྱིས་ དབང་བཙོང་ཐོག་ལས་ ལོ་སླབ་བཅུག་ནི་དང་ སྒྲ་བཟུང་འབད་ནི་ཚུ་ འབད་མི་ཆོག། ཁོང་གིས་ ཐེ་ཚོམ་ཆགས་མི་དེ་ ག་ཅི་སྦེ་ཨིན་ན་ མ་འདྲོག་པར་འདྲི་དགོ། དྲི་བ་དྲག་ཤོས་དེ་ “གལ་སྲིད་ རོགས་ཀྱིས་ ཁྱོད་ཨིནམ་ཤེས་པ་ཅིན་ ག་ཅི་འབད་འོང་ག?” ཟེར་འདྲི་ནི་དེ་ཨིན། འཕྲལ་འཕྲལ་སྦེ་ འདྲོག་འབྱེལ་འཐབ་མི་དེ་ ཁོ་ར་རང་བཞིན་གྱིས་འདྲོག་མི་ཅིག་ཨིནམ་འོང་། ཐོ་བཀོད་མ་འབད་བར་ གནས་སྤོ་འགྱོ་མི་ཅིག་ཨིན་པ་ཅིན་ གལ་སྲིད་ གཞན་གྱིས་ཤེས་པ་ཅིན་ རྒྱལ་ཁབ་ནང་ལས་ལོག་ བཏོན་གཏང་ནི་གི་ཉེན་ཁ་དང་ ཞི་གཡོགཔ་གོང་མ་ཅིག་ཨིན་པ་ཅིན་ གཡོག་ནང་ལས་དགོངས་ཞུ་གཏང་ནི་དང་ བཙོན་ནང་བཙུག་ནི་ དེ་ལས་ HIV ནད་གཞི་ཡོད་མི་ཅིག་ཨིན་པ་ཅིན་ མི་སྡེའི་ནང་ གནོད་འཚེ་འབད་ནི་ཚུ་ འབྱུང་སྲིད་འོང་། གནས་ཚུལ་བྱིན་མི་དང་གཅིག་ཁར་ བརྡ་དོན་ག་ཅི་ཡང་ བརྗེ་སོར་མ་འབད་བའི་ཧེ་མ་ ཁོང་གི་ངོ་རྟགས་ཚུ་ གསལ་སྟོན་འབད་དགོ་ཟེར་སླབ་དགོ། ཁོང་གི་ངོ་རྟགས་ཚུ་ ག་དེ་སྦེ་ གསང་བཞག་ནི་ཨིན་ན་གི་སྐོར་ལས་ བསྟུན་གྲོས་འབད་དགོ། དེ་ནང་ཁོང་གི་ སྡོད་ས་དང་ རྒྱབ་ཁུངས་ གོ་ས་དང་ ཕོ་མོའི་དབྱེ་བ་ཚུ་ ག་དེ་སྦེ་ གསལ་སྟོན་འབད་ནི་ཨིན་ན་ཚུ་ཚུད་འོང་། བརྡ་དོན་བྱིན་མི་གི་ཁ་ཐུག་ལས་ བརྡ་དོན་ལ་ལུ་ཅིག་ རྒྱབ་ཁུངས་ཧ་གོ་ནིའི་དོན་ལུ་རྐྱངམ་གཅིག་མ་གཏོགས་ ཡིག་ཐོག་ལུ་བཀོད་ནི་མེདཔ་སྦེ་ སླབ་པ་ཅིན་ དེ་ལུ་ངོས་ལེན་འབད་དེ་ རྩོམ་སྒྲིགཔ་དང་ ཞིབ་འཚོལ་དེ་ནང་འབྲེལ་བ་ཡོད་པའི་ མཉམ་རོགས་ཚུ་གིས་ཡང་ ཧ་གོ་བཅུག་དགོ། ཁྱོད་ཀྱི་རྩོམ་སྒྲིགཔ་གིས་ གནས་ཚུལ་བཤད་མི་དེ་གི་མིང་ སླབ་དགོཔ་སྦེ་བཀོད་པ་ཅིན་ མིང་དེ་རྩོམ་སྒྲིག་པའི་ཡིག་ཚང་ལས་བརྒལ་ཏེ་ ཕྱི་ཁར་སླབ་མ་ཆོགཔ་སྦེ་ མོས་མཐུན་འབྱུང་དགོ། འ་ནཱི་འདི་ གནས་ཚུལ་བསྡུ་བཀོདཔ་དང་ གནས་ཚུལ་བྱིན་མི་འབྱུང་ཁུངས་ གཉིས་ཀྱི་བར་ནའི་ མཐུན་འབྲེལ་གྱི་གཞི་རྩ་ ངོ་མ་ཅིག་ཨིན། གལ་སྲིད་ ཁྱོད་ཀྱིས་མི་ངོ་གཞན་ཅིག་ལུ་ ཁོང་གི་ངོ་རྟགས་དེ་ གསང་བ་སྦེ་བཞག་ནི་ཟེར་ ཁས་ལེན་འབད་ཡོད་པ་ཅིན་ དེ་དང་འཁྲིལ་ཏེ་ར་འབད་དགོ། ཐ་ན་ ཁྱོད་ར་བཙོན་ཁང་ནང་ ཚུད་ནི་གུ་ཐུག་རུང་ ཁ་ཚིག་ལས་དེ་འགལ་ནི་མི་འོང་། དེ་འབདཝ་ད་ ཧེ་མ་ལས་ ཁོང་གི་ངོ་རྟགས་ཚུ་ གསང་བཞག་ནི་ཟེར་སླབ་མི་དགོ། བརྡ་དོན་བྱིན་མི་ལུ་ སྡུག་སྤྱོད་གཏང་བཅུག་ནི་དང་ ཤི་རྐྱེན་འབྱུང་བཅུག་ནི་བ་ གནས་ཚུལ་ནང་ མིང་རྫུས་མ་བཀོད་ནི་དང་ ཡིག་ཐོག་མ་བཀོད་པའི་ བརྡ་དོན་ལག་ལེན་འཐབ་ནི་དེ་དྲག

ཁྱོད་ཀྱིས་སེམས་ཁར་བཞག་དགོཔ་དེ་ རྒྱལ་ཁབ་ལ་ལུ་ཅིག་ནང་ གནས་ཚུལ་བསྡུ་བཀོདཔ་དང་ རྩོམ་སྒྲིགཔ་ཚུ་ གནས་ཚུལ་བྱིན་མི་གི་ མིང་བཏོན་དགོཔ་འབད་ སྡུག་སྤྱོད་གཏང་དོ་ཡོདཔ་ཨིན། རྒྱལ་ཁབ་དེ་ཚུ་ནང་ བརྡ་བརྒྱུད་དང་འབྲེལ་བའི་བྱ་ངན་དེ་ ཞི་བའི་ཉེས་སྤྱོད་ཀྱི་ཁོངས་སུ་མིན་པར་ ནག་ཅན་གྱི་ཁོངས་སུ་བརྩི་འཇོག་འབདཝ་ལས་ ངོ་རྟགས་ཚུ་ མ་བཏོན་པ་ཅིན་ ཁྲིམས་ལུ་ཁྱད་གསོད་ཀྱི་ཉེས་པ་བཀལ་ཏེ་ བཙོན་ཁྲིམས་ཕོགཔ་ཨིན། ཁྱོད་ཀྱིས་ ཞིབ་དཔྱད་དེ་ འགོ་མ་བརྩམ་ལས་ གནས་ཚུལ་བྱིན་མི་དེ་གི་ངོ་རྟགས་ཚུ་ གསང་བ་སྦེ་ ག་དེམ་ཅིག་ཚུན་ཚོད་ བཞག་ནི་ཨིན་ན་ཚུ་ ཐབས་ཤེས་བརྩམ་དགོ

“གནས་ཚུལ་བྱིན་མི་དམར་གསད་འབད་ཡོད་མི་དེ་ ངེ་གི་བློ་འགྱོད་སྦོམ་ཤོས་གཅིག་ཨིན། ཁོ་གིས་ང་ལུ་བྱིན་མི་ བརྡ་དོན་བ་ལྷགཔ་སྦེ་ བརྡ་དོན་ལེ་ཤ་ཡོདཔ་ཨིན། དེ་འབདཝ་ད་ ཆ་ཤས་ཙམ་ཅིག་ ང་ལུ་སླབ་མི་དེ་ མོ་བཏབ་ཀྱི་དོན་ལུ་ཨིན། ཁོ་གི་ངོ་རྟགས་དེ་ གསང་བ་སྦེ་ར་ བཞག་ནི་གི་རེ་འདོད་ཨིན་པས། དེ་འབདཝ་ད་ ཁོ་དང་འབྲེལ་བ་ཡོད་པའི་ མི་ངོ་དེ་ཚུ་གིས་ ཁོ་ག་ཨིན་ན་ ་འཇམ་ཏོང་ཏོ་སྦེ་ ཤེས་ཚུགསཔ་ལས་ ཁོ་རྩ་མེད་བཏང་ནུག། གནས་ཚུལ་བྱིན་མི་ཅིག་གིས་ གནས་ཚུལ་ཚུ་ ཕྱམ་ཕྱིམ་སྦེ་ བྱིན་ནི་མེན་པས། དེ་ལུ་བརྟེན་ཏེ་ དམར་གསད་འབད་དགོ་པའི་རྒྱུ་མཚན་ཡང་མི་འོང་། ཡང་ན་ ཁྱོད་ར་གིས་ཉེན་ཁ་འབག་སྟྟེ་ ཁྱོད་རའི་ངོ་རྟགས་ གསལ་བཏོན་འབད་བ་ཅིན་ ཁྱོད་ལུ་ཉེས་པ་བཀལ་རུང་ ཁྱོད་ཀྱིས་གསང་བ་ཤེས་བཅུག་ནི་དེ་གིས་ཨིནམ་ ཧིང་སངས་ས་སྦེ་ ཧ་གོ་ཚུགས།”– Sam Sole, Mail & Guardian, Johannesburg

ཁྱོད་ཀྱི་གནས་ཚུལ་ནང་ མིང་གསང་བ་སྦེ་ བཞག་མིའི་དོན་དག་གཙོ་བོ་ར་ གནས་ཚུལ་བྱིན་མི་དེ་གི་ ཉེན་སྲུང་གི་དོན་ལུ་ཨིན། མིང་མེད་པའི་གནས་ཚུལ་འབྱུང་ཁུངས་ཚུ་ ལྟ་རྟོག་འབད་ནི་དེ་ ལཱ་ཁག་ཅིག་ཨིན། དེ་གིས་གནས་ཚུལ་བསྡུ་བཀོད་འབད་བའི་སྐབས་ ངེས་ཏིག་མེན་པའི་གནས་ཚུལ་ཚུ་ལུ་ ལྷན་ཐབས་འབད་ནི་དང་ ལྷག་མི་ཚུ་ལུ་ཡང་ གནས་ཚུལདེ་ལུ་ཡིད་ཆེས་ཉམས་བཅུག་ནིའི་ཉེན་ཁ་ཡོད། ཨིན་རུང་ དེ་ཚུ་གིས་ ལག་ལེན་དངོས་བསྟར་གྱི་ཉམས་མྱོང་དང་ བློ་གྲོས་ ནང་འཁོད་ཀྱི་གནས་ཚུལ་དང་ སྒྲུབ་བྱེད་ཐེབས་བྱིན་ནིའི་གོ་སྐབས་ཡང་ཡོད། ཁྱོད་ཀྱི་མཐའར་ཐུག་གི་ཐག་བཅད་དེ་ ཁྱོད་རའི་ལས་སྡེ་དང་ གནས་ཚུལ་འབྱུང་ཁུངས་ དེ་ལས་ ཞིབ་འཚོལ་སྙན་ཞུ་གུ་ གཞི་བཞག་སྟེ་ དམིགས་བསལ་ཀྱི་གནས་སྟངས་ཐོག་ལུ་ གྲོས་ཐག་བཅད་དགོ། གནས་ཚུལ་བྱིན་མི་དང་གཅིག་ཁར་ ཁོང་གི་ངོ་རྟགས་ཚུ་ ག་དེ་སྦེ་ གསལ་སྟོན་འབད་ནི་ཨིན་ན་གི་སྐོར་ལས་ མོས་མཐུན་འབྱུང་དགོ། དེ་ལས་ཁོང་གི་ཁ་གསལ་ཚུ་ ཁོང་ལུ་ཉེན་ཁ་མེདཔ་བཟོ་ནིའི་དོན་ལུ་ གསལ་རིལ་རི་སྦེ་བཀོད་དགོ། དཔེར་ན་ ནགས་ཚལ་ལྷན་ཁག་ནང་ལུ་ མཐའ་འཁོར་ཚན་རིག་པ་ གཅིག་ལས་ལྷག་སྟེ་ཡོད་པ་ཅིན་ “ཚན་རིག་པ” ཟེར་བྲིས་མི་དེ་བ་ “ནགས་ཚལ་ལྷན་ཁག་ནང་གི་ མཐའ་འཁོར་ཚན་རིག་པ་ཅིག་” ཟེར་འབྲི་བ་ཅིན་དྲག།