༢. ཁྱོད་ར་རང་རྐྱང་གི་གནས་སྡུད་བཟོ་ནི།

༢. ཁྱོད་ར་རང་རྐྱང་གི་གནས་སྡུད་བཟོ་ནི།


ཞིབ་བརྟག་འབད་ནིའི་ཁྱད་ཆོས་གཙོ་བོ་འདི་ ལམ་ལུགས་ཚུ་ག་དེ་སྦེ་ཡོདཔ་ཨིན་གི་སྐོར་ལས་ཤེས་ནི་དང་ འདི་འབད་མ་ཚུགས་རུང་ ལམ་ལུགས་འདི་གི་སྐོར་ལས་ ཕོ་ཚོད་དཔག་ཚུགསཔ་ཅིག་འབད་དགོ། ཁྱོད་ར་ལུ་དགོ་པའི་ བརྡ་དོན་ཚུ་འཚོལ་ནིའི་དོན་ལུ་ གཤམ་ལུ་བཀོད་དོ་བཟུམ་གྱི་ དྲི་བ་ཚུ་བཟོ་དགོ།

  • > བྱ་རིམ་ཡང་ན་ ལམ་ལུགས་འདི་ ག་དེ་སྦེ་ལཱ་འབད་དགོཔ་སྨོ?
  • > ག་གིས་ ག་ཅི་དུས་ནམ་ ག་དེ་སྦེ་འབད་དགོཔ་སྨོ?
  • > བྱ་རིམ་ཚུ་ ག་སྟེ་ལུ་ ཐོ་བཀོད་ཡོདཔ་ཨིན་ན?
  • > གནས་ཚད་དང་ཚད་གཞི་ཚུ་ ག་དེ་སྦེ་ཡོད་ག། འདི་ཚུ་ག་དེ་སྦེ་གཞི་བཙུགས་འབད་ཡོདཔ་ཨིན་ན་དང་ ག་གིས་ བསྟར་སྤྱོད་འབདཝ་ཨིན་ན?

ཁྱོད་ཀྱིས་ ལན་དེ་ཚུ་ རྒྱས་ཤིང་རྒྱསཔ་དང་ ཡོངས་རྫོགས་སྦེ་ཤེས་པ་ཅིན་ ་ལམ་ལུགས་ཚུ་ འཛོལ་བ་ག་ཏེ་ལས་ ནམ་བྱུང་ཡི་ག་ ཁ་གསལ་སྦེ་ཤེས་ཚུགས།

དྲི་བ་འདི་ཚུ་གི་ལན་གྱིས་མ་དོ་བར་ ཁྱོད་ཀྱིས་ཞིབ་དཔྱད་འབད་བའི་སྐབས་ ཁྱད་ཆོས་གཞན་ཡང་དགོཔ་ཡོད། ཁྱོད་ཀྱིས་འགོ་བརྩམས་པའི་བསྒང་ལས་ར་ འདི་ཚུ་སེམས་ཁར་བཞག་པ་ཅིན་ གནས་ཚུལ་ཡིག་ཆ་ཚུ་ གསལ་ཏོག་ཏོ་སྦེ་བཀོད་ནི་ལུ་ཕན་ཐོགས་ཡོང།འདི་གིས་ཁྱོད་ར་གནས་ཚུལ་འབྲི་བའི་སྐབས་ ཡིག་ཆ་བསྡུ་སྒྲིག་འབད་དེ་དུས་ཚོད་འཕྲོ་བརླག་མ་འགྱོཝ་མ་ཚད་ ཡིག་ཆ་མང་དྲགས་པའི་རྐྱེན་གྱིས་ སེམས་ཁ་ལས་མི་བརྗེད་ནི་ལུ་ཕན་ཐོགས་འོང་།

ལཱ་འབད་བཞིན་ཡོད་པའི་དོན་ཚན་གྱི་ཐད་ལུ་ འབྱུང་རིམ་བཟོ་ནི།

ཁྱོད་ཀྱིས་ཞིབ་དཔྱད་འབད་བའི་སྐབས་ དུས་རིམ་བཟོ་ནི་འདི་ཁག་ཆེ། དེ་འབདཝ་ད་ ཁྱོད་ཀྱིས་ གནས་ཚུལ་འབྲི་བའི་སྐབས་ཡང་ གོ་རིམ་འདི་དང་འཁྲིལ་ཏེ་ འབད་དགོ་ཟེརཝ་མེན་པར་ ཁྱོད་ཀྱིས་ གནས་ཚུལ་གྱི་ལོ་རྒྱུས་བྱུང་རིམ་ཚུ་ནང་ངེས་བདེན་སྦེ་བཀོད་ཚུགས། འདི་གིས་ གནས་ཚུལ་འབྲི་བའི་སྐབས་ ཧེ་མ་ག་ཅི་འབད་ཡི་ག་ དེ་གི་ཤུལ་ལས་ག་ཅི་བྱུང་ཡི་ག་གི་རིམ་པ་ཚུ་ལེགས་ཤོམ་སྦེ་ཧ་གོ་ནི་ལུ་ ཕན་ཐོགས་ཡོད།

ཁུངས་འབྲེལ་དང་ གྲངས་ཚད་གནས་སྡུད་གྱི་ཁྱད་པར།

གྲངས་ཚད་གནས་སྡུད་ཟེར་མི་འདི་ གྱངས་ཁ་ལུ་གོཝ་ཨིན། དཔེར་ན་ སྨན་ཅིག་ ཚོང་བསྒྱུར་ཐབས་ནིའི་དོན་ལུ་ ཚོང་ཁང་ནང་མ་ལྷོད་པའི་ཧེ་མ་ སྤུས་ཚད་ཀྱི་བརྟག་ཞིབ་ཐེངས་ག་དེམ་ཅིག་འབད་དགོཔ་ཨིན་ན་དང་? ཆུ་ནང་ བཙོག་སྒྲིབ་གནས་ཚད་ག་དེམ་ཅིག་ཡོདཔ་ཨིན་ན? འདས་པའི་ལོ་ལྔ་གི་ནང་འཁོད་ ཁྲོམ་ཁར་བྱ་ངན་ག་དེམ་ཅིག་བྱུང་ཡོདཔ་ཨིན་ན?ལ་སོགས་པའི་ གྲངས་ཚད་འདི་ལུ་བརྟེན་ ཁུངས་ལྡན་གྱི་བདེན་ཁུངས་ དཔེར་ན་ ཁྱོད་རའི་མི་སྡེ་ནང་ སློབ་གྲྭ་ནང་ལས་ ཐོན་སྡོད་མིའི་གྱངས་ཁ་ཅིག་གིས་ རྒྱལ་ཡོངས་ལུ་ཁྱབ་པའི་གནས་སྟངས་ལུ་འགྱུར་དོ་བཟུམ་སྦེ་ གཡུས་སྒོ་ཆུང་ཀུ་ཅིག་ནང་གི་ གནས་ཚུལ་གྱིས་ རྒྱལ་ཡོངས་ཀྱི་ཞིབ་དཔྱད་འབད་དགོ་པའི་གནད་དོན་ཅིག་ལུ་འགྱུར་ཚུགས།

འཛམ་གླིང་གི་ ས་སྒོ་མང་ཤོས་ཅིག་ནང་ གྲངས་ཚད་དང་ ཐོ་བཀོད་འབད་ཡོད་པའི་ཡིག་ཆ་ཚུ་ རྩ་ལས་མེདཔ་ལས་འཐོབ་ཚུགས་པར་ ལཱ་ཁག་ཡོདཔ་ཨིན། འདི་འབདཝ་ད་ འདི་བཟུམ་མའི་ ཡིག་ཆ་མེད་པའི་གནས་སྟངས་ནང་ལུ་ཞིབ་འཚོལ་འབདཝ་ད་ ཐབས་ལམ་ལྷམ་པ་གཉིས་ཡོད།འདི་ཡང་ དང་པ་ཁྱོད་རའི་ བལྟ་རྒྱ་མཐོང་རྒྱ་གི་ཐོག་ལས་དང་ གཉིས་པ་ འབྲེལ་ཡོད་མི་ངོམ་ཚུ་དང་ དྲི་བ་དྲིས་ལན་འབད་ནི་འདི་ཨིན། མི་དང་ ལས་རིམ་ རྒྱུ་མཚན་དང་ བརྒྱུད་སྐུལ་ ཚོར་སྣང་དང་ འཐབ་རྩོད་ཚུ་གི་སྐོར་ལས་ བརྡ་དོན་བསྡུ་སྒྲིག་འབད་ནི་འདི་ལུ་ཁུངས་འབྲེལ་གྱི་གནས་སྡུད་ཟེར་བརྩི་འཇོག་འབདཝ་ཨིན། སེམས་ཁར་བཞག་དགོཔ་འདི་ གནད་དོན་གཅིག་ལུ་བརྟེན་ཏེ་མི་རྐྱང་དང་ སྡེ་ཚོགས་ཚུན་ཁྱབ་ཚུགསཔ་ཨིན། དཔེར་ན་ ཁྲོམ་ལམ་གྱི་ཁ་བྱང་ཅིག་གི་ཐོག་ལས་ ཁྱིམ་གྱི་ཇོ་བདག་ འཚོལ་འཐོབ་དོ་བཟུམ་ཅིག་ཨིན།

ཁྱོད་རའི་ཞིབ་འཚོལ་ གོ་སྒྲིག་འབད་ཐངས།

ཞིབ་འཚོལ་གྱི་ དྲི་བ་དྲིས་ལན་འབད་བའི་མི་ངོ་དང་བརྡ་དོན་བྱིན་མི་འབྲེལ་གཏུགས་པ་ཁོང་གི་མཁས་རིག་ཚུ་ གནད་སྡུད་བཟོ་སྟེ་བཞག་ནི་ལུ་གློག་རིག་ཐོག་གི་ལས་འགུལ་འཛིན་སྐྱོང་རིམ་ལུགས་ཚུ་ཡོད། འདི་ནང་ ཁྱོད་ཀྱིས་ བདེན་ཁུངས་བཀོད་ནི་དང་ ཁུངས་བཀལ་དགོ་པའི་ འཆར་སྣང་ཚུ་ལུ་ ཕན་ཐོགས་ནིའི་དོན་ལུ་ དྲི་བཀོད་ཀྱི་ཐོ་གཞུང་དང་ ཞིབ་རྟོག་ཡིག་ཆ་ཚུ་བཞག་དགོཔ་མ་ཚད་ གཞན་འབྲེལ་ཡོད་ཡིག་ཆ་དང་ རྩིས་དཔྱད་ གནས་སྡུད་གཞི་མཛོད་དང་ དྲི་བ་དྲིས་ལན་ཚུ་ མཐུད་འབྲེལ་འབད་དེ་བཞག་དགོ། དྲན་ཐོ་བཀོད་ནིའི་ཐོ་དེབ་རིམ་ལུགས་ཨེ་བར་ནོཊི་འདི་ (Evernote)བརྡ་བརྒྱུདཔ་ཚུ་གི་ནང་འཁོད་ ཡོངས་གྲགས་ཅན་ཅིག་ཨིན་རུང་ གསང་རྒྱའི་ཡིག་ཆ་བཞག་ནིའི་དོན་ལུ་ ཉེན་སྲུང་དང་ལྡནམ་ཅིག་མེད།འཛིན་སྐྱོང་གི་རིམ་ལུགས་ཚུ་ལག་ལེན་འཐབ་པའི་སྐབས་ ཉེན་སྲུང་འདི་སེམས་ཁར་བཞག་ཏེ་གདམ་ཁ་རྐྱབ་དགོ།