གནས་སྡུད་ནང་ལུ་ གནས་ཚུལ་ཧེང་སྐལ་ཚུ་ ཡིག་ཆ་འཚོལ་ཞིབ་ལུ་བརྟེན་ཏེ་འཐོབ་ཨིན། ཁྱོད་རའི་དཔག་འཆར་ལུ་རྒྱབ་སྐྱོར་འབད་ཚུགས་པའི་ ཡིག་ཆ་ངོས་འཛིན་འབད་དེ་ འདི་ཐོབ་ཚུགས་པའི་ ཐབས་ཤེས་སྒྲིག་དགོ། བྱ་རིམ་འདི་ནང་ ཡིག་ཆ་གཅིག་ལུ་བརྟེན་ཏེ་ འབྲེལ་ཡོད་ཡིག་ཆ་གཞན་ཅིག་གསལ་སྟོན་འབྱུང་འོང་། དེ་ལས་ ཁྱོད་རའི་ཞིབ་འཚོལ་གྱི་གྲུབ་འབྲས་ཚུ་གི་བར་ན་ འབྲེལ་བ་ཚུ་འཚོལ་དགོ།

ཁྱོད་རའི་སེམས་ཁར་ འབྲེལ་བ་ཡོདཔ་སྦེ་ མཐོང་བའི་ཡིག་ཆའི་རིགས་ཡོད་ཚད་ཐོ་བཀོད་འབད་དགོ། འདི་ནང་དཔེར་ན་ རྡོེ་ཕ་ལམ་གྱི་གནད་དོན་དང་འབྲེལ་བའི་ནང་འཁྲུག་གི་དཀའ་ངལ་ ཐོན་ཡོད་པའི་ས་སྒོ་ནང་ ས་གཏེར་ལས་སྡེ་ཅིག་གི་སྲུང་སྐྱོབ་འགོ་དཔོན་སྦེ་ ལཱ་འབད་སྡོད་མི་ མི་ངོམ་འདི་གི་ ཁྱད་ཚད་ཡིག་ཆ་ཚུ་ཐོ་བཀོད་འབད་ནི། མི་ངོམ་འདི་གི་ ཁྱད་ཚད་ཡིག་ཆ་འདི་ནང་ མི་ངོམ་འདི་གི་ ལཱ་གཡོག་ཚུ་གི་བར་ནའི་ བར་སྟོང་གི་དུས་ཡུན་སྐོར་ལས་ ཐོ་བཀོད་འབད་དེ་མེདཔ་འོང་། འདི་ནང་ ཨང་རྩིས་ཤེས་ཡོན་གྱི་རིག་རྩལ་ལག་ལེན་འཐབ་དགོ། ལས་སྡེ་ཁག་མ་འདྲཝ་ཚུ་ནང་ ལཱ་འབད་ཡོད་པའི་ ལོ་གྲངས་ཚུ་གཅིག་ཁར་བསྡོམ། དེ་ལས་ ལཱ་གཡོག་གི་ཐོ་དེབ་ནང་ཐོ་བཀོད་འབད་ཡོད་པའི་ལོ་གྲངས་ཀྱི་བསྡོམས་ དེ་ལས་ཐོ་བཀོད་མ་འབད་བར་ཡོད་པའི་ལོ་གྲངས་ཡོད་མེད་བལྟ་ནི། ལཱ་གཡོག་གི་ཐོ་དང་ ཡང་ན་ ལས་སྡེའི་ཐོ་དེབ་ཚུ་ནང་ མི་ངོམ་འདི་གིས་ ལཱ་གཡོག་འདི་ ཧང་སྟོང་མར་བཀོ་བཞག་བཞགཔ་ཨིནམ་མེནམ་དགི་ བརྡ་མཚོན་ཚུ་འཚོལ་དགོ། འདི་ལུ་བརྟེན་ཏེ་མི་ངོམ་འདི་གི་ ལཱ་གཡོག་གི་ལོ་རྒྱུས་ཧེང་སྐལ་འཚོལ་དགོཔ་འབྱུང་འོང་།མི་སྟོབས་ལས་ཁུངས་ཀྱི་ཡིག་ཆ་ནང་ མི་ངོམ་འདི་ལུ་ཨར་རྐུན་དང་ མགུ་སྐོར་གྱི་ཉོག་བཤད་བཀོད་ཡོད་པའི་ ཡིག་ཆ་ཚུ་འཐོབ་སྲིད། ཡིག་ཆ་འདི་གི་ཤུལ་དཔྱད་འབད་བའི་སྐབས་ མི་ངོམ་འདི་དང་འབྲེལ་བའི་ ཁྲིམས་སྲུང་དང་ ཁྲིམས་ཁང་ ཡང་ན་བཙོན་ཁང་གི་ཡིག་ཆ་ལ་སོགས་པ་ཚུ་འཚོལ་དགོ། མདོར་ན་ ཡིག་ཆ་གཅིག་ལུ་བརྟེན་ཏེ་ ཡིག་ཆ་གཞན་ཐོབ་སྟེ་བདེན་ཁུངས་བཟང་ཚུགས།

འབྲེལ་ཡོད་ཡིག་ཆ་ཚུ་ཧ་གོ་བའི་ཤུལ་ལས་ ཁྱོད་ར་ གནད་དོན་འདི་ནང་གི་མི་ངོམ་དེ་གི་ གནས་སྟངས་ནང་འཛུལ་དགོ། ཁོ་གིས་ག་ཅི་འབད་ཡོདཔ་ཨིན་ན? མོ་གིས་ ཀ་ ཡང་ན་ཁ་ གདམ་ཁ་རྐྱབ་ཡོད་པ་ཅིན་ ཁེ་ཕན་ག་ཅི་འཐོབ་འོང་ག? དེ་ལས་ འདི་གཉིས་ཀྱི་བར་ནའི་ལམ་འདི་ག་ཅི་བཟུམ་ཅིག་འོང་ག? ཟེར་བ་ལ་སོགས་པ་ཚུ་མནོ་བསམ་གཏང་དགོ། འདི་གིས་ ཁྱོད་ར་ལུ་ དོན་མེད་ཀྱི་ཞིབ་འཚོལ་འབད་ནི་ལས་བཀག་ཐབས་འབད་ཚུགས། གནས་ཚུལ་འཐོབ་ནིའི་དོན་ལུ་ དཔེ་མཛོད་དང་ ཡིག་རྙིང་ཚུ་ལུ་བརྟེན་དགོཔ་ལས་འདི་ཚུ་ལུ་ སྣང་ཆུང་སྦེ་ བཞག་ནི་མི་འོང་། བརྡ་དོན་ཚུ་ གློག་རིག་ཐོག་ལས་འཚོལ་བ་ཅིན་ མིང་གཅིག་གློག་རིག་ནང་བཙུགསཔ་ཙམ་གྱིས་ འབྲེལ་བ་ཡོདཔ་དང་མེད་པའི་ཡིག་ཆ་ལེ་ཤ་འཐོན་འོང་། གལ་སྲིད་གཞུང་གི་ཡིག་ཆ་ཚུ་གེ་ར་ ཤོག་ཀུའི་ཐོག་ལུ་བཞག་ཡོད་པའི་རྒྱལ་ཁབ་ཅིག་ནང་ཨིན་པ་ཅིན་ ཁྱོད་ཀྱིས་ དཔེ་མཛོད་འདི་གི་ དཔེ་གཉེར་དང་གཅིག་ཁར་ མོས་མཐུན་བཟོ་སྟེ་ དཔེ་ཁང་ནང་འཛུལ་ཞིན་ན་ ཡིག་ཆ་ཚུ་ག་དེ་སྦེབཞག་ནུག་ག་ཧ་གོ་དགོ།

གཞུང་གི་ཡིག་ཆ་དཔེར་ན་ སྐྱེ་ཚེས་ལག་ཁྱེར་དང་ སྣུམ་འཁོར་གཏང་ཆོག་པའི་ཆོག་ཐམ་ཚུ་འཚོལ་ནི་འདི་ ཞིབ་འཚོལ་འགོ་བཙུགས་ནིའི་ཐབས་ལམ་དྲག་ཤོས་ཅིག་ཨིནམ་བཟུམ་སྦེ་ཚོར་རུང་ བརྡ་དོན་ཚུ་གེ་ར་ ཡོངས་འབྲེལ་ཐོག་ལས་ཐོབ་པ་ཅིན་ འདི་ཚུ་ དུས་ཡུན་ལེ་ཤ་འགོར་དོ་ཡོདཔ་མ་ཚད་ གྲུབ་འབྲས་ཡང་ཚད་ཅིག་ལས་བརྒལ་མི་འཐོན། ཡོངས་འབྲེལ་ཐོག་ལས་འཐོབ་པའི་ གསར་ཤོག་གི་ཡིག་རྙིང་ཚུ་གློང་ནི་དང་ སྒེར་གྱི་འཆར་སྒོ་དང་མི་སྡེ་བརྡ་བརྒྱུད་ཚུ་ དེ་ལས་ མི་ངོམ་དེ་གི་ལཱ་འབད་སའི་ལས་སྡེ་དེ་གི་ཡོངས་འབྲེལ་འཆར་སྒོ་ཚུ་གློང་ནི་ལ་སོགས་པ་ཚུ་འབད་དགོ། གལ་སྲིད་ཁྱོད་ཀྱིས་མི་ངོ་དེ་གི་མིང་གསལ་ངོ་མ་ཤེས་ཚུགས་པ་ཅིན་ མི་ངོ་དེ་གི་སྐོར་ལས་ ཁྲིམས་རྩོད་འབད་ཡོད་པའི་ཡིག་ཆ་དང་ གཞན་གཞུང་འབྲེལ་ཡིག་ཆ་ཚུ་འཐོབ་ཚུགས། འདི་གིས་ སྤྲོ་བའི་གནས་ཚུལ་ དཔེར་ན་ ཁོ་ཤེས་ཡོན་སྦྱང་སའི་གཙུག་ལག་སློབ་སྡེ་དང་ ཁོ་དང་འབྲེལ་བ་ཡོད་པའི་ གནས་ཚུལ་གཞན་ཚུ་འཐོབ་ཚུགས། གསར་ཤོག་ནང་གི་རྩོམ་བྲིས་ཚུ་ནང་ཡང་ ཁྱོད་ལུ་ཡིག་ཆ་འཚོལ་ནི་ལུ་ཕན་ཐོགས་པའི་གནས་སྡུད་ལེ་ཤ་འཐོབ། དཔེར་ན་ ས་གནས་ཀྱི་སྒྲིང་ཁྱིམ་ ༼དངུལ་ཁང་ ཚོང་སྡེ་དང་ གཞུང་གི་ཡིག་ཚང་༽དང་ ཁྲིམས་དོན་ཡིག་ཆ ༼དཔེར་ན་ ཁ་ཆེམས། མིང་བརྗེ་སོར་ཡིག་ཆ། གཉེན་ཐམ། མེ་སྦྱང་ཡིག་ཆ་། གཏའ་མ་གཞུང་བཞེས་འབད་བའི་ཡིག་ཆ། རིན་བསྡུར། ཁས་ལེན་གནས་གོང་། ཇོ་བདག་མ་ཐོན་པའི་རྒྱུ་དངོས་༽ འཛིན་བཟུང་དང་ ཉེས་བཙུགས་ཚུ། ཆ་ཤས་འདི་ཚུ་རེ་རེ་གིས་ ཁྱོད་ཀྱིས་ བསལ་ནི་ལུ་དཔའ་བཅམ་དོ་ཡོད་པའི་ མགུ་རྙོག་ཅན་གྱི་གནས་སྟངས་དེའི་གནས་ཚུལ་ཆ་ཤས་ལེ་ཤ་འཐོབ་ཚུགས།

མདོར་ན་ གཤམ་འཁོད་ཚུ་གི་ཐོག་ལས་ ཡིག་ཆ་ཚུ་འཚོལ་དགོ།

  • >   ཡོངས་འབྲེལ་ཐོག་ལས་འཚོལ་ནི། ཡིག་རྙིང་འཚོལ་ནི་དང་ མི་ངོ་ཅིག་གི་སྐོར་ལས་ཡིག་ཆ་ཚུ་ཡོད་ཚད་མ་འཐོབ་ཚུན་ཚོད་ གནས་ཚུལ་བྱིན་མི་འདི་རྒྱུད་སྐྱུལ་འབད་དེ་ ཁྱོད་ར་དང་འཕྱད་ནིའི་རྩིས་རྐྱབ་དགོ
  • >   ཡིག་ཆ་འདི་ཚུ་ གནས་སྡུད་ག་བསྡུར་ཐབས་རིག་གི་ཐོག་ལས་ག་བསྡུར་རྐྱབ་སྟེ་ མ་ཚངམ་དང་ རྒྱབ་འགལ་ ཡང་ན་ ཏན་ཏན་ཡོདཔ་མེདཔ་ཚུ་བལྟ་དགོ
  • >   མ་ཚངམ་ཡོད་མི་ཚུ་དང་ ཡང་ན་ རྒྱབ་འགལ་ཡོད་མི་ཚུ་སེལ་ནིའི་དོན་ལུ་ ཡིག་ཆ་ག་ཅི་ར་དགོཔ་ཡོད་ག་མནོ་བསམ་གཏང་ཏེ་ འདི་ཚུ་ཞིབ་དཔྱད་འབད་དགོ།