ཁྲོམ་ཁར་ལོ་རྒྱུས་དར་ཁྱབ་གཏང་ནི་དེ་ ལམ་ཟུར་རྒྱང་བསྒྲགས་ (roadside radio) ལས་ལྷག་པའི་ བརྡ་བརྒྱུད་གཞན་མི་འོང་། Roadside radio ཟེར་མི་འདི་ ཁྲོམ་ལམ་ཁའི་ཚོང་པ་དང་ གླ་འཁོར་དེད་གཡོགཔ་ ལམ་འགྲུལཔ་ གོལཕ་གི་རྩེད་ཆས་འབག་མི་ སྲིད་དོན་པ་དང་ ཁྲིམས་སྲུང་འགག་པའི་ ཆ་རོགས་ ཡང་ན་ ལས་བྱེདཔ་ ས་ཚོང་རྐྱབ་མི་ ཆང་ཁང་དང་ བཟའ་ཁང་གི་ཇོ་བདག་ཚུ་གིས་ བཤད་ཐོ་གཏང་མི་དང་ ལོ་རྒྱུས་སླབ་མི་ཚུ་ དར་ཁྱབ་མགྱོགས་དྲགས་སྦེ་ འགྱོ་མི་ལུ་སླབ་ཨིན། སྤྲོ་སྣང་ཅན་གྱི་ལོ་རྒྱུས་དེ་ཚུ་ མང་ཤོས་ལུ་ བདེན་ཁུངས་མེད་རུང་ སྦྱོང་བརྡར་ཅན་ཅིག་གིས་ བརྟག་ཞིབ་འབད་བ་ཅིན་ འཐོར་གཏམ་དེ་ཚུ་གིས་ ང་བཅས་ལུ་ གནས་སྟངས་དངོས་དང་འགྱུར་བ་ཚུ་ སྟོན་ཚུགསཔ་ཨིན། ད་རེས་ཁམས་ བུམོ་ལེ་ཤ་ཅིག་ གར་སོང་མེདཔ་ཡལ་སོ་མི་དེ་གིས་ གསང་བའི་སྒོ་ལས་ འགྲོ་བ་མིའི་ནག་ཚོང་ཡོངས་འབྲེལ་ཅིག་ཡོད་དོ་བཟུམ་སྦེ་ མཐོང་མས་ག? མི་ཚུ་གིས་ ཁྱིམ་ནང་བཟོ་མི་ སྨྱོ་ཆང་གསརཔ་ཅིག་ ལོག་སྤྱོདའབད་ནི་ འགོ་བཙུགས་ནུག་ག? ཚོང་པ་ཕྱུགཔོ་ཅིག་གིས་ དེ་འཕྲལ་ལས་ ཟད་འགྲོ་གཏང་ནི་ མཚམས་འཇོག་འབད་ནུག་ག? ཡང་ན་ ཁྲིམས་སྲུང་འགག་པའི་ འགོ་དཔོན་སྦོམ་ཅིག་གིས་ དྲག་རིམ་ཉེས་ཅན་ཚུ་དང་ འབྲེལ་བ་འཐབ་ནི་འགོ་བཙུགས་ནུག་ག? ལོ་རྒྱུས་དེ་ཚུ་གེ་ར་ ལམ་ཟུར་རྒྱང་བསྒྲགས་ཀྱིས་ སླབ་ནི་ཡོད། དེ་འབདཝ་ད་ བརྡ་བརྒྱུདཔ་ཚུ་གིས་ ཁོང་རང་ལུ་ མི་ཚུ་གིས་ ག་ཅི་སྦེ་ བདེན་འཛིན་རེཝ་ཨིན་ན་ དྲི་བ་བཀོད་དགོ། འདི་གིས་ང་བཅས་ར་ གནས་པའི་དུས་ཚོད་དང་ རྒྱལ་ཁབ་ཀྱི་སྐོར་ལས་ ག་ཅི་སླབ་ནི་འདུག་?

ཨ་རྟག་བཟུམ་སྦེ་ གོམ་ཐེངས་དང་པ་འདི་ འཐོར་གཏམ་དེ་ཚུ་ལུ་ བདེན་ཁུངས་ཡོད་མེད་ ངེས་གཏན་བཟོ་དགོ། རང་གིས་ཤེས་པའི་ འབྱུང་ཁུངས་ཚུ་ལས་ བདེན་སྤྱད་འབད་དགོ། དེ་ལས་གཞུང་འབྲེལ་གྱི་གནད་སྡུད་ཚུ་ ག་དེ་མང་མང་འཚོལ་དགོཔ་དེ་ཡང་ དཔེར་ན་ བུམོ་བྱང་སྟོར་ཞུགས་མི་གི་སྐོར་ལས་ ས་གནས་ཀྱི་ཁྲིམས་སྲུང་འགག་སྡེ་ལུ་ ཞིབ་དཔྱད་འབད་དགོ། སྨྱོ་ཆང་ལོག་སྤྱོད་ཀྱི་སྐོར་ལས་ དྲུང་འཚོ་ལུ་དྲི་དཔྱད་འབད་དགོ། ཚོང་པ་དེ་གི་ཚོང་ལས་ཀྱི་སྐོར་ལས་ དེའི་ལས་བྱེདཔ་ཚུ་ལུ་ དྲི་བ་བཀོད་དེ་ ཚོང་འབྲེལ་གྱི་འགྱུར་འགྲོས་སྐོར་ལས་ སླབ་ནིའི་དོན་ལུ་ མ་དངུལ་གྱི་རྩིས་དཔྱད་ཚུ་ལེན་དགོ། འཐོར་གཏམ་ཅིག་ལུ་ བདེན་ཁུངས་དུམ་གྲ་ཅིག་ཐོབ་ཞིནམ་ལས་ གནས་ཚུལ་སྦོམ་ཅིག་ འབྲི་ནི་གི་ འཆར་གཞི་འགོ་བཙུགས་དགོ།