ཉེས་ལས་ཕྱིར་བཤད་འབད་མི་ གནས་ཚུལ་ལེ་ཤ་ཅིག་ གསང་བའི་བརྡ་དོན་ཅིག་ལས་ འགོ་བཙུགསཔ་ཨིན། དཔེར་ན་ སྣུམ་འཁོར་ཨར་རྐུན་གྱི་གཡོ་ཚོང་ནང་ འགག་པའི་འགོ་དཔོན་ཅིག་ འབྲེལ་བ་ཡོད་པའི་སྐོར་ འགག་སྡེ་ནང་གི་ འབྲེལ་བ་ཅན་དེ་གིས་ཤེས། ངན་ལན་འཇལ་དགོ་མནོ་མི་ བཟའ་ཟླ་བགྲེསཔ་ཅིག་གིས་ མོ་གི་རྨགཔ་བགྲེསཔ་དེ་གིས་ ཁྲལ་ལས་ཟུར་ཡོད་པའི་སྐོར་ལས་ མོ་ར་གིས་ སྔོན་མངགས་འབད་དེ་ཡོད་པའི་ གསར་ཤོག་ལས་ཁང་ལུ་ བརྒྱུད་འཕྲིན་གཏང་འོང་། སྲིད་དོན་པ་ཅིག་གིས་ ཁོ་རའི་ཆ་རོགས་ རྩོམ་སྒྲིགཔ་ཅིག་ལུ་ གཞུང་གི་ཁག་འབག་རིན་བསྡུར་ལས་སྡེ་ཅིག་དང་ རིན་བསྡུར་བཀོད་ཚོགས་ཀྱི་འཐུས་མི་ཅིག་གི་བར་ན་ ཚུལ་མིན་མཐུན་འབྲེལ་ཡོད་པའི་སྐོར་ལས་སླབ་འོང་།

དེ་འབདཝ་ད་ མིག་གིས་མཐོང་མི་ལས་ལྷག་པའི་ གནད་དོན་གཞན་འོང་སྲིད། བདེན་ཁུངས་མེད་རུང་ གཞན་མི་ཅིག་ལུ་ གནོད་བཅུག་ནི་གི་དོན་ལུ་ བརྩམས་ཡོད་པའི་ འཆར་གཞི་ཅིག་ཨིནམ་འོང་། ཡང་ཅིན་ དབང་ཚདཅན་གཞན་ཚུ་གིས་ ཁྱོད་ལུ་གནས་ཚུལ་འབྲི་བཅུག་ནི་གི་དོན་ལུ་ འཆར་གཞི་བརྩམས་བརྩམསཔ་འོང་ག་མི་ཤེས། དེ་གི་སྐབས་ལུ་ ཐོར་གཏམ་ཚུ་བདེན་དཔྱད་འབད་ནི་གི་ ལམ་ལུགས་དེ་ ལག་ལེན་འཐབ་དགོཔ་མ་ཚད་ དེ་བཟུམ་མའི་ གསང་བའི་བརྡ་དོན་ཚུ་ དབྱེ་ཞིབ་འབད་བའི་སྐབས་ལུ་ རང་གིས་རང་ལུ་ འོག་གི་དྲི་བ་ཚུ་བཀོད་དགོ།

  • > གསང་བའི་བརྡ་དོན་དེ་ མ་ཐོབ་རུང་ གནད་དོན་འདི་གི་སྐོར་ལས་ ང་གིས་གནས་ཚུལ་འབྲི་འོང་ག?
  • > དཀའ་ངལ་འདི་གི་སྐོར་ལས་ ང་ལུ་སྤྲོ་བ་ཡོད་ག?
  • > ནཱ་ལུ་ཕྱིར་བཤད་འབད་མི་ བདེན་ཁུངས་ཚུ་ མི་མང་གི་མཐའ་དོན་ལུ་ཨིན་པས་ག?

ཁྱོད་ཀྱིས་ དྲི་བ་གསུམ་ཆ་ར་ལུ་ ངོས་ལན་ཡོད་པ་ཅིན་ ལཱ་འགོ་བཙུགས་དགོ།


ངན་ལྷད་ – གནད་དོན་ཅིག་ལུ་ དོན་དག་ཁག་གཉིས་ཡོདཔ།

གནད་དོན་ལ་ལོ་ཅིག་ནང་ ངན་ལྷད་ཅན་གྱི་མི་ངོ་ གསལ་སྟོན་འབད་མི་དེ་གིས་ མི་སྡེ་ལུ་ ཕན་པ་སྦོམ་ཅིག་མི་འོང་། དེ་ཡང་ གོང་ལུ་བཀོད་མི་ རིན་བསྡུར་བཀོད་ཚོགས་ཀྱི་འཐུས་མི་དང་ ཁྲལ་འབབ་ལས་ཟུར་མི་ རྨགཔ་བགྲེསཔ་གི་ དཔེ་ཀོད་དོ་བཟུམ་ཅིག་ཨིན། དེ་ཡང་གཙོ་བོ་ རྒྱལ་ཁམས་ཀྱི་གཞི་བཀོད་ནང་འཁོད་དང་ མི་སྡེའི་སྡེ་ཚན་ལ་ལོ་ཅིག་ནང་ ངན་ལྷད་དང་ ཁྲལ་ཟུར་དར་ཁྱབ་ཡོད་པའི་ རྒྱལ་ཁབ་ཚུ་ནང་ འབྱུང་ནི་ཨིན་མས། བརྡ་བརྒྱུདཔ་ལེ་ཤ་ཅིག་གིས་ ངན་ལས་འབད་མི་ མི་ངོ་ཅིག་ གསལ་སྟོན་འབདཝ་ད་ གཞན་ཚུ་འདྲོགས་ཏེ་ དེ་བཟུམ་མའི་ལཱ་ངན་འབད་ནི་ལས་ འཛེམ་ནི་དང་ ངན་ལྷད་བཀག་དམ་གྱི་ཐབས་ཤེས་ཚུ་ ཡར་དྲག་གཏང་ཚུགས་ཟེར་བའི་ བདེན་ཁུངས་བཀོདཔ་ཨིན་མས། འདི་ལུ་བདེན་ཁུངས་དུམ་གྲ་ཅིག་ཡོད་མི་དེ་ཡང་ ཁྲལ་བཏབ་མི་ཚུ་གི་མ་དངུལ་ཨིནམ་ལས་ མི་མང་གིས་ཤེས་དགོ་པའི་ ཐོབ་དབང་ཡོད། ཧེ་མའི་བྱུང་སྲོལ་ ལེ་ཤ་ཅིག་དང་འཁྲིལཝ་ད་ ངན་ལྷད་དར་ཁྱབ་སྦོམ་འགྱོ་སར་ ངན་ལྷད་འབད་མི་ མི་ངོ་གཅིག་ གསལ་སྟོན་འབད་མི་དེ་གིས་ ཕན་ཐོགས་གངམ་ འབྱུང་མི་ཚུགས་པས། ངན་ལྷད་འདི་ གཞི་བཀོད་ནང་འཁོད་དང་ སྤྲོད་ལེན་གྱི་ལམ་ལུགས་ཚུ་ནང་ གཏིང་ཟབ་སྦེ་ ཚུད་སོ་པའི་ཁར་ ཐ་ན་ ངན་ལྷད་བཀག་དམ་གྱི་ གཞི་བཀོད་ནང་རང་ ཚུད་དེ་ཡོད་པ་ཅིན་ མི་མང་གིས་ གནས་ཚུལ་འདི་ནང་ གསརཔ་ག་ཅི་འདུག་གོ་ཟེར་ ཕྱིར་འབུད་གཏང་འོང་། དེ་འབདཝ་ད་ བརྡ་བརྒྱུདཔ་ཚུ་གིས་ ངན་ལྷད་ཀྱི་གནད་དོན་ཅིག་ ལག་ལེན་འཐབ་ཐོག་ལས་ ཁྲལ་འབབ་ལས་ཟུར་ནི་དང་ ནང་གསུག་རྐྱབ་ནི་ལུ་ འཇམ་ཏོང་ཏོ་བཟོ་མི་ ལམ་ལུགས་ནང་གི་སྐྱོན་ཆ་ཚུ་ གསལ་སྟོན་འབད་ཚུགས་པ་ཅིན་ གནས་ཚུལ་དེ་གིས་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་དང་ དེ་ལུ་བརྟེན་ཏེ་ སྡེ་ཚན་དང་ ཚོགས་པ་ཚུ་གིས་ གསང་བཞག་ནི་ལུ་ ལཱ་ཁག་བཟོཝ་ཨིན།