ཁྱོད་རའི་གནས་ཚུལ་འབྱུང་ཁུངས་ དཔེར་ན་ གསང་བའི་བརྡ་དོན་ ཡང་ན་ ཡོངས་འབྲེལ་འཆར་སྒོ་ནང་ པར་སྐྲུན་འབད་དེ་ཡོད་པའི་ མིང་མེད་ཡི་གུ་ཚུ་ དབྱེ་ཞིབ་འབད་ནི་འགོ་བཙུགས་དགོ འགོ་དང་འགོ་ལས་རང་ ཡི་གུ་དེ་ ག་གིས་བྲིས་བྲིསཝ་ཨིན་ན་ ཁོ་གི་ཁྱད་ཆོས་དང་ རེ་སྐུལ་ཚུ་ ག་ཅི་ཨིན་ན་ དྲི་དཔྱད་འབད་དགོ། ཡོངས་འབྲེལ་འཆར་སྒོ་ནང་ ཚོང་འབྲེལ་དང་ སྲིད་དོན་གྱི་དང་འདོད་ཡོད་མི་ མཁས་མཆོག་ངོ་མ་ལས་ འགོ་བཙུགས་ཏེ་ གྱོས་ངན་རྩོམ་མི་དང་ ཞུ་སྐུལ་འབད་མི་ལ་སོགས་པ་ མི་ངོ་ག་གིས་ཡང་ གནད་དོན་ག་ཅི་ཡང་ བཀོད་ཚུགསཔ་ཨིན། ཁྱོད་ཀྱིས་མི་ངོ་དེ་ ངོས་འཛིན་འབད་ཞིནམ་ལས་ མི་ངོ་དེ་གི་སྐོར་ལས་ ག་དེ་མང་མང་ ཤེས་ཐབས་འབད་དགོ། ཁོ་གི་མི་ཚེའི་ལོ་རྒྱུས་: དཔེ་ཆ་ག་ཏེ་ལྷབ་ཅི་ག་དང གོ་གནས་ག་ཅི་འཆངམ་ཨིན་ན་ཚུ་ཤེས་དགོ། ཁོ་གི་ཕེསི་བུག་རྩིས་ཐོ་དང་ ཊུ་ཡིཊ་ཚུ་ལུ་བལྟ་དགོ། ཁོ་གིས་ཚོང་ལས་ཁང་གསརཔ་ཅིག་གི་སྐོར་ལས་བཤད་པ་ཅིན་ དེ་ནང་ལཱ་འབད་མི་གཙོ་བོ་ ག་དང་ག་ཨིན་ན་དང་ ཚོང་ལས་ཁང་དང་ མི་ངོ་དེའི་མཉམ་རོགས་ ཡང་ན་ བྱང་འཕྱད་ ཡང་ན་ གཞུང་ནང་ཡོད་པའི་ འབྲེལ་བ་ཅན་ཚུ་གི་བར་ན་ འབྲེལ་མཐུན་ཡོད་མེད་བལྟ་དགོ། སོ་ནམ་བློན་པོ་གསརཔ་དེ་ འབྲུ་སྣ་ཚོང་འབྲེལ་གྱི་ལས་སྡེ་སྦོམ་ཅིག་གི་ བཀོད་ཚོགས་ཀྱི་འཐུས་མིའི་གྲངས་སུ་བཞུགས་པ་ཅིན་ ཁྲིམས་མཐུན་ཨིན་ན? གལ་སྲིད་ ཆོགཔ་ཨིན་རུང་ ཁེ་ཕན་ལྟག་སྤྲོད་ གསལ་བཏོན་འབད་ནུག་ག? དེ་བཟུམ་གྱི་འབྲེལ་བ་བཟོ་ཚུགས་པ་ཅིན་ ཁྱོད་རའི་གསང་བའི་བརྡ་དོན་དེ་ དབྱེ་ཞིབ་འབད་ནི་ལུ་ ཕན་ཐོགས་ཡོདཔ་མ་ཚད་ ཤུལ་ལས་ གནས་ཚུལ་འབྲི་ནི་ལུ་ ཕན་ཐོགས་ཆེའི་བརྡ་དོན་ཚུ་ཐོབ་ཚུགས།

མི་ངོ་དེ་དང་གཅིག་ཁར་ལཱ་འབད་མི་ མི་གཞན་ཚུ་དང་གཅིག་ཁར བློ་སླབ་སྟེ་བལྟ་དགོ། ཁོང་གིས་ མི་ངོ་དེ་ ག་བཟུམ་ཅིག་ཨིནམ་སྦེ་ བཤདཔ་མས་གོ? མི་དེ་ཚུ་གིས་སླབ་མི་དེ་ ཁྱོད་ཀྱིས་མནོ་མི་ལས་ རྒྱབ་འགལ་ཨིན་པ་ཅིན་ ཁྱོད་རང་ལམ་ནོར་བ་ལུ་ ཞུགས་ཡོདཔ་ཨིན། ཨིན་རུང་ དྲནམ་བཏོན་ཞིནམ་ལས་ དེ་འཕྲལ་ལས་ གཞན་གྱི་སླབ་ཚད་ཅིག་ལུ་ བློ་གཏད་དང་ཡིད་ཆེས་བསྐྱེད་ནི་མི་འོང་།

ཁྱེད་ཀྱིས་ ས་སྣུམ་དང་ ས་ཆ་ཚུ་གི་ བཀྲམ་སྤེལ་དཀོན་པའི་སྐོར་ལས་ ཡང་ན་ སློབ་གཉེར་གྲོགས་རམ་ཚུ་ མ་ལང་པའི་སྐོར་ལས་ སྙན་ཞུ་ཚུ་ལྷག་པའི་སྐབས་ལུ་ རང་གི་སེམས་ཁར་ དྲི་བ་དུམ་གྲ་རེ་འོང་དགོ། ཐོན་སྐྱེད་དེ་ཚུ་ ཚད་འཛིན་འབད་མི་དང་ བདག་སྐྱོང་འཐབ་མི་ ག་ཨིན་ན་དང་ བཀྲམ་སྤེལ་གྱི་ཐབས་ལམ་ཚུ་ ག་དེ་ཡོད་དགོཔ་ཨིན་ན་ དྲི་བཀོད་འབད་བ་ཅིན་ ངན་ལྷད་འབྱུང་ཉེན་ཚུ་ ངོས་འཛིན་འབད་ནི་ལུ་ ཕན་ཐབས་ཡོད། ཞིབ་བརྟག་བརྡ་བརྒྱུདཔ་ཚུ་གིས་ མི་ངོ་དེ་ཚུ་གིས་ བརྡ་དོན་ག་ཅི་ར་ གསལ་སྟོན་འབདཝ་ཨིན་ན་དང་ ག་དེམ་ཅིག་ གསང་སྟེ་བཞགཔ་ཨིན་ན་ ཧ་གོ་ཚུགས།

སྐྱོན་བརྗོད་ཀྱི་ རྒྱབ་སྐྱོར་ཡིག་ཆ་ཚུ་གི་ བདེན་ཁུངས་ལུ་ བརྟག་དཔྱད་འབད་དགོ། དེ་ཡང་ མ་བདེན་པའི་སྐྱོན་བརྗོད་ཚུ་ལུ་ རྒྱབ་སྐྱོར་གྱི་ཡིག་ཆ་ རྫུས་མ་བཟོ་ནིའི་ཉེན་ཁ་ཡོད། ལས་ཤོག་དང་ ཕོ་ཊོ་ཤོབ་ གློག་རིག་ ཡང་ན་ འདྲ་བཤུས་འཕྲུལ་ཆས་ཚུ་ སྤྱོད་ནི་གི་གོ་སྐབས་ཡོད་མི་ཚུ་གིས་ ཡིག་ཆ་རྫུས་མ་ཚུ་ འཇམ་ཏོང་ཏོ་སྦེ་བཟོ་ཚུགས། མ་གཞི་ཡིག་ཆ་ཚུ་ ངོ་མ་ཨིན་ཏེ་འབད་རུང་ དེ་ཚུ་འཕྲི་སྣོན་ཐོག་ལས་ བཟོ་བཅོས་བཏང་སྟེ་ ཕྱེད་བདེནམ་དང་ ཕྱེད་མ་བདེནམ་བཟོ་ནིའི་ཉེན་ཁ་ཡོད། ཡིག་ཆ་དེ་ཚུ་ ངེས་བདེན་ཨིན་མིན་གྱི་སྐོར་ལས་ བློ་གཏད་རུང་བའི་ གཞུང་གི་འབྱུང་ཁུངས་ཚུ་དང་གཅིག་ཁར་ བདེན་དཔྱད་འབད་དགོ།

རེ་ཚེ་སྐབས་ ཡིག་ཆ་ཚུ་ མགུ་རྙོགས་དྲགས་དང་ ཚན་རིག་དང་འཕྲུལ་རིག་འོངམ་ལས་ དེའི་གོ་བ་ལེན་ནི་ལུ་ མཁས་མཆོག་ལུ་བརྟེན་དགོ།་ ཡིག་ཆ་དེ་ཚུ་གི་སྐོར་ལས་ རང་དབང་ཐ་དད་ཀྱི་མཁས་མཆོག་ དཔེར་ན་ རྩིས་འཛིན་པ་ ཁྲིམས་རྩོདཔ་ ཡང་ན་ དྲུང་འཚོ་བཟུམ་ཚུ་དང་གཅིག་ཁར་ གྲོས་བསྡུར་འབད་དགོ། ཡིག་ཆ་འཇམ་ཏོང་ཏོ་ཚུ་ཡང་ གོ་བ་ཕྱི་འགྱུར་ལེན་ནིའི་ཉེན་ཁ་ཡོད། རེ་ཚེ་སྐབས་ སྐྱོན་བརྗོད་ཚུ་ བདེན་ཁུངས་ཡོདཔ་ཨིན་རུང་ ཉེས་ལས་དེ་ ཆུང་ཀུ་ཅིག་འོངམ་ཨིན། ངན་ལྷད་ཀྱི་སྐྱོན་བརྗོད་ཚུ་ གཟན་དོམ་འཕུར་དོ་བཟུམ་སྦེ་ དར་ཁྱབ་འགྱོཝ་ད་ བརྡ་བརྒྱུདཔ་ཚུ་གིས་ དྲནམ་བཏོན་ཏེ་ གཞན་གྱི་དབང་ལུ་ ཐལ་ནི་མེདཔ་ཅིག་འབད་དགོ།

ཟུར་བརྡ་དང་ འཐོར་གཏམ གསང་བའི་བརྡ་དོན་ཚུ་ ཕྱིར་བཙག་འབད་ཞིནམ་ལས་ ག་དེ་མགྱོགས་མགྱོགས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་དགོ། ཞིབ་འཚོལ་གྱི་ལཱ་ནང་ གཏིང་ཟབ་མ་འཛུལ་བའི་གོང་ལས་ ལཱ་འབད་ཐངས་ཀྱི་ འཆར་གཞི་ཅིག་བརྩམ་དགོ། གོ་རིམ་དང་པ་ག་ཅི་ཨིན་ན་ ཞིབ་དཔྱད་མ་བའི་ཧེ་མ་དང་ ཞིབ་དཔྱད་འབད་བའི་སྐབས་ལུ་ སེམས་ཁར་བཞག་དགོཔ་ ག་ཅི་འདུག་གོ? ལེའུ་ཤུལ་མམ་དེ་ནང་ དྲི་བ་དེ་ཚུ་གི་སྐོར་ལས་བཤད་ནི་ཨིན།