༡.༢ ངལ་གསོ་ནང་ཡོད་པའི་གནས་སྡུད་ ཉེན་སྲུང་འབད་ནི།

༡.༢ ངལ་གསོ་ནང་ཡོད་པའི་གནས་སྡུད་ ཉེན་སྲུང་འབད་ནི།


ཁྱོད་ཀྱི་གནས་སྡུད་དེ་ སྲ་མཛོད་ ཡང་ན་ གློག་གནས་ ཡང་ན་ སྤིན་གློག་ཅིག་ནང་ བསགས་བཞག་ཡོད་པའི་སྐབས་ གནས་སྟངས་དེ་ལུ་ “ངལ་གསོ་ནང་ཡོད་པའི་གནས་སྡུད་” ཟེར་སླབ་ཨིན། གནས་སྟངས་གཞན་གཉིས་ཡོད་མི་ཚུ་ཡང་ “ལག་ལེན་ནང་ཡོད་པའི་གནས་སྡུད་” དང་ “འགྲོ་འགྲུལ་ནང་ཡོད་པའི་གནས་སྡུད་” ཟེར་སླབ་ཨིན། ལེའུ་འདི་གིས་ ཁྱོད་ལུ་བརྡ་དོན་དེ་ཚུ་ གནས་རིམ་རེ་རེ་བཞིན་དུ་ལུ་ ཉེན་སྲུང་འབད་ཐངས་སྟོནམ་དང་གཅིག་ཁར་ དོན་ཚན་ཡན་ལག་འདི་གིས་ ཁྱོད་ཀྱི་ཡོངས་འབྲེལ་ནང་ ཁྱོད་རའི་ཡིག་སྣོད་ཚུ་ལུ་ འཛུལ་སྤྱོད་ཡོད་མི་ཚུ་ བཀག་ཐབས་ལུ་ གཙོ་བོར་བཏོནམ་ཨིན།

ཐབས་ཤེས་དང་པ་འདི་ ཁྱོད་རའི་ལེབ་ཊོབ་ ཡང་ན་ གློག་རིག་ནང་གི་ བདག་སྐྱོང་པའི་ཁ་བྱང་གི་གསང་ཡིག་ སོར་སྒྱུར་འབད་ནི་འདི་ཨིན། རེ་ཚེ་སྐབས་ བདག་སྐྱོང་པའི་གསང་ཡིག་མེད་པར་ ཐུང་ཀུ་ཙམ་ཅིག་འོངམ་ཨིན། འདི་གི་སྐབས་ལུ་ གློག་རྐུན་(hacker) ཚུ་གིས་ ཐབས་འཕྲུལ་ནང་ འཇམ་ཏོང་ཏོ་སྦེ་ འཛུལ་སྤྱོད་འབད་ཚུགསཔ་ཨིན། ཐབས་ཤེས་གཉིས་པ་འདི་ ཁྱོད་རའི་གློག་རིག་འདི་ བདག་སྐྱོང་པའི་ཐོབ་དབང་ཐོག་ལས་ ལག་ལེན་འཐབ་ནི་ མར་ཕབ་རྐྱབ་ནི་འདི་ཨིན། ཝིན་ཌོསི་རིམ་ལུགས་གུ་ གནས་བཞིན་ཡོད་པའི་ གློག་རིག་ ཡང་ན་ ལེབ་ཊོབ་ཅིག་གིས་ ལག་ལེན་པ་གཙོ་བོ་དེ་ལུ་ རང་བཞིན་གྱིས་ ཐོབ་དབང་ཧྲིལ་བུམ་བྱིནམ་ཨིན། ཁྱོད་རའི་གློག་རིག་ བདག་སྐྱོང་པའི་ཁ་བྱང་གསརཔ་ཅིག་ གཞི་བཙུགས་འབད་ཞིནམ་ལས་ གལ་གནད་ཆེ་བའི་སྐབས་ལུ་རྐྱངམ་གཅིག་ ལག་ལེན་འཐབ་དགོ། ཁྱོད་རའི་སྤྱིར་བཏང་ཁ་བྱང་གི་ ལག་ལེན་པའི་ཐོབ་དབང་དེ་ ཚད་བཟུང་འབད་དགོ། འདི་གིས་ཁྱོད་ཀྱི་ཐབས་འཕྲུལ་ཚུ་ལུ་ གནོད་མཉེན་གྱིས་ གནོདཔ་བཀལ་ནིའི་ གོ་སྐབས་མར་ཕབ་འབདཝ་ཨིན། དེ་ཡང་ ཁྱོད་ལུ་རིམ་ལུགས་གཞན་ གཞི་བཙུགས་འབད་ནིའི་ ཐོབ་དབང་མེད་ནི་དེ་གིས་ཨིན། དེ་ཚུ་གཞན་གྱིས་ལོག་སྤྱོད་འབད་ནི་ལས་བཀག་ཐབས་ལུ་ སྐུ་མགྲོན་ཁ་བྱང་ཚུ་ཡང་ བཞག་ནི་མི་འོང་།

བརྡ་གསང་ལུ་བསྒྱུར་བ།
ཐབས་ཤེས་ཤུལ་མམ་དེ་ ཁྱོད་རའི་ཐབས་འཕྲུལ་དང་ དེ་ནང་ཡོད་པའི་གནས་སྡུད་ཚུ་ལུ་ བརྡ་གསང་ལུ་བསྒྱུར་དགོ། བརྡ་གསང་ལུ་བསྒྱུར་བ་ཟེར་མི་འདི་ གློག་འཕྲིན་ ཡང་ན་ བརྡ་དོན་ཚུ་ གསང་བ་ལུ་སོར་བསྒྱུར་ཐོག་ལས་ ཡི་གུ་དེ་ གསང་བ་མེནམ་བཟོ་ནིའི་ གསང་ཡིག་ངོ་མ་ཡོད་མི་ གནང་བ་ཅན་གྱི་མི་ངོ་ཚུ་གིས་ ལྷག་ཚུགས་ནི་མ་གཏོགས་ གཞན་གྱིས་ལྷག་མི་ཚུགས། གློག་རྐུན་ཚུ་གིས་ རིམ་ལུགས་ནང་ འཇམ་ཏོང་ཏོ་སྦེ་ ཧམ་སྤྱོད་འབད་ནི་ལས་བཀག་ཐབས་ལུ་ གསང་ཡིག་སྒྲིང་སྒྲིང་ཅིག་ ལག་ལེན་འཐབ་དགོ། དེ་འབདཝ་ད་ བརྡ་གསང་ལུ་བསྒྱུར་ནི་དེ་གིས་ ཁྱོད་ཀྱི་ཐབས་འཕྲུལ་ཚུ་ ཨ་རྟག་དང་འཕྱདཔ་ད་ ལྷོད་སུ་ཅིག་བཟོཝ་ཨིནམ་ སེམས་ཁར་བཞག།

སྲ་མཛོད་གསང་བརྡ་ལུ་བསྒྱུར་ཚུལ
ཁྱོད་ཀྱི་ཁྱིམ་གྱི་སྒོ་ཁར་ མི་གསརཔ་ཚུ་ ནང་ན་འཛུལ་ནི་ལས་བཀག་ཐབས་ལུ་ སྒོ་ར་སྦོམ་ཅིག་ཡོད་མི་ལུ་ མནོ་བསམ་གཏང། སྒོ་ར་དེའི་ནང་ན་ལས་ ལྕགས་ཐག་་ཚུ་ལུ་ ལྡེ་མིག་རྐྱབ་སྟེ་མ་གཏོགས་ ཉེན་སྲུང་མེད། སྒོ་ར་འདི་ ཁྱོད་ཀྱི་སྲ་མཛོད་བཟུམ་ཅིག་ཨིན། སྲ་མཛོད་འདི་ བརྡ་གསང་ལུ་བསྒྱུར་ནི་དེ་གིས་ ཁྱོད་ཀྱི་གློག་རིག་གུ་ ཉེན་སྲུང་གི་ལྕགས་ཐག་བཏགས་ཏེ་ ཧམ་སྤྱོད་འབད་མི་ཚུ་ ནང་ན་འཛུལ་ནི་ལུ་ ལཱ་ཁག་བཟོཝ་ཨིན། ལྕགས་ཐག་ཚུ་ སྒྲིང་སྒྲིང་ཡོདཔ་བཟོ་ནི་ལུ་ AES 256འདི་ལག་ལེན་འཐབ། འ་ནཱི་འདི་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ཐོན་ཡོད་པའི་ གསང་བརྡ་ལུ་བསྒྱུར་ནིའི་ཐབས་ལམ་ མཐར་འཁྱོལ་ཅན་ཅིག་ཨིན། ཁྱོད་ཀྱི་སྲ་མཛོད་ གསང་བརྡ་ལུ་བསྒྱུར་ནིའི་ མཉེན་ཆས་གཞན་ཡང་ ཝིན་ཌོསི་གི་དོན་ལུ་VeraCryptདང་ མེཀ་གི་དོན་ལུ་ FileVaultཡོད།

གནས་སྡུད་གསང་བརྡ་ལུ་བསྒྱུར་ཚུལ།
ཁྱོད་རའི་སྲ་མཛོད་ གསང་བརྡ་ལུ་བསྒྱུར་བའི་བསྒང་ལས་ དེ་ནང་ཡོད་པའི་གནས་སྡུད་ཡང་ རང་བཞིནགྱིས་ ལྡེ་མིག་རྐྱབ་ཨིན། ཉེན་སྲུང་ལོག་བལྟབ་སྦེ་དགོ་པ་ཅིན་ གནས་སྡུད་ཡིག་སྣོད་ཚུ་ སོ་སོ་སྦེ་ གསང་བརྡ་ལུ་བསྒྱུར་དགོ། འདི་གིས་བྱ་ལྟ་མི་ཚུ་ ཁྱོད་ཀྱི་ཐབས་འཕྲུལ་གུ་ཡོད་པའི་ ཡིག་ཆ་ཚུ་ནང་ འཛུལ་སྤྱོད་འབད་ནི་དང་ ལྷག་ནི་ཚུ་ སྔོན་འགོག་འབདཝ་ཨིན། གནས་སྡུད་གསང་བརྡ་ལུ་བསྒྱུར་ནིའི་ མཉེན་ཆས་ཐོན་སྐྱེད་ ལེགས་ཤོམ་གྱི་གྲངས་སུ་ ཝིན་ཌོསི་གི་དོན་ལུ་ ‘Bitlocker’ དང་ ‘VeraCrypt’མེཀ་གི་དོན་ལུ་ FileVaultཡང་ན་ Crypto Disk’ཚུ་ཡོད། དེ་མ་ཚད་ ལི་ནགསི་གི་དོན་ལུ་ ‘7-Zip’ལག་ལེ་ན་འཐབ་སྟེ་ ཡིག་སྣོད་ཚུ་ གསང་བརྡ་ལུ་བསྒྱུར་ཡོད་པའི་ གཏན་མཛོད་གཅིག་གི་ནང་ན་ གཅིག་ཁར་བསྡམ་བཏུབ་ཨིན།

སྤྱི་མཐུད་ (USB) གསང་བརྡ་ལུ་བསྒྱུར་ཚུལ་དང་ རྒྱབ་ཐག། ༼འདྲ༽
བརྡ་བརྒྱུདཔ་ཚུ་གིས་ བརྡ་དོན་གསོག་འཇོག་འབད་ས་ཅིག་ སྤྱི་མཐུད་ཐབས་འཕྲུལ་འདི་ཨིནམ་ལས་ ཐབས་འཕྲུལ་འདི་ཚུ་ཡང་ གློག་རིག་དང་ འགྲུལ་འཕྲིན་བཟུམ་ཚུ་སྦེ་ ཉེན་སྲུང་འབད་དགོ། སྤྱི་མཐུད་ཚུ་ ཐབས་འཕྲུལ་གཙོ་བོ་ཚུ་གི་རྒྱབ་ཐག་སྦེ་ ལག་ལེན་འཐབ་བཏུབ་ཨིན། གལ་སྲིད་ ཁྱོད་ཀྱི་གནས་སྡུད་ལུ་ སྐྱོན་ཞུགས་པ་ཅིན་ཕན་པའི་དོན་ལུ་ བརྡ་དོན་ཚུ་གི་འདྲ་བཤུས་ ག་དེ་མང་མང་ བཟོ་བ་ཅིན་ ལེགས་ཤོམ་ཨིན། དེ་འབདཝ་ད་ རྒྱབ་ཐག་འདི་ཚུ་ཡང་ རེ་རེ་བཞིན་དུ་ གསང་བརྡ་ལུ་བསྒྱུར་ཡོདཔ་ ངེས་གཏན་བཟོ་དགོ།