༡.༤.༡ གློག་འཕྲིན་ཉེན་སྲུང་གི་ཐོག་ལས་གཏང་ནི།


སྤྱིར་བཏང་གི་གློག་འཕྲིན་ཞབས་ཏོག་བྱིན་མི་ དཔེར་ན་ Gmail, Yahoo ཡང་ན་ Hotmail ཚུ་གིས་ བརྡ་བརྒྱུདཔ་ཚུ་ གློག་རྐུན་འབད་མི་ཚུ་ལུ་ ཕྱིར་བཏོན་འབད་ནིའི་ཉེན་ཁ་ ཡར་འཕར་འབདཝ་ཨིན་མི་དེ་ཡང་ ཉེན་སྲུང་དང་ སྒེར་གསང་གི་གནས་ཚད་ཚུ་ དམ་དམ་མེད། སེམས་ཁར་བཞག་དགོཔ་འདི་ ཞབས་ཏོག་བྱིན་མི་གཅིག་ལུ་ ལག་ལེན་པ་ལེ་ཤ་ལུ་ཡོད་པ་ཅིན་ གློག་རྐུན་ཚུ་གིས་ ཉེན་སྲུང་གནས་ཚད་ལུ་ དོ་འགྲན་འབད་ནིའི་གོ་སྐབས་ཡང་ མངམོ་ཐོབ་ཨིན། ཁྱོད་ལུ་གློག་འཕྲིན་གྱི་ཞབས་ཏོག་བྱིན་མི་དེ་ལུ་ འོག་གི་ཉེན་སྲུང་ལག་ཆས་ཚུ་ཡོད་ག་མེད་ ཞིབ་དཔྱད་འབད་དགོཔ་དེ་ཡང་།

༡༽ ཉེན་སྲུང་གློག་ཁ་རིམ་པ། ༼ཨེསི་ཨེསི་ཨེལ༽ (Secure Sockets Layer) (SSL) ཡང་ན།

༢༽ སྐྱེལ་འདྲེན་བང་རིམ་སྲུང་སྐྱོབ་ ༼ཊི་ཨེལ་ཨེསི༽ (Transport Layer Security) (TLS).

འ་ནཱི་ཞབས་ཏོག་ཚུ་མེད་པའི་ གློག་འཕྲིན་ཞབས་ཏོག་ཚུ་ སྤྱོད་ནི་མི་འོང་། ཨེསི་ཨེསི་ཨེལ དང་ ཊི་ཨེལ་ཨེསི་ ཚུ་གིས་ ཁྱོད་ཀྱི་གློག་འཕྲིན་ཚུ་ ཡོངས་འབྲེལ་གཅིག་ལས་ གཅིག་ལུ་འགྲོ་འགྲུལ་འབདཝ་ད་ བརྡ་གསང་ལུ་བསྒྱུར་ཡོདཔ་ ངེས་གཏན་བཟོཝ་ཨིན། ཨིན་རུང་ གློག་འཕྲིན་དེ་ གློག་གནས་གཉིས་ཆ་རའི་ནང་ བརྡ་གསང་ལུ་མ་བསྒྱུར་བའི་ ཡིག་སྣོད་ཅིག་ནང་ གསོག་འཇོག་འབད་དེ་བཞགཔ་ཨིན། དེ་གིས་སྦེ་ གློག་གནས་བདག་སྐྱོང་པ་གིས་ ཁྱོད་ཀྱི་གློག་འཕྲིན་ནང་ འཛུལ་སྤྱོད་འབད་དེ་ལྷག་ཚུགས་ ཡང་ན་ བསྒྱུར་བཅོས་འབད་ཚུགས།

གློག་འཕྲིན་ཅིག་གི་ནང་དོན་ བརྡ་གསང་ལུ་བསྒྱུར་ནིའི་དོན་ལུ་ ཤིན་ཏུ་ལེགས་པའི་སྒེར་གསང་ ༼པི་ཇི་པི་༽ (Pretty Good Privacy’) (PGP) གིས་ ཉེན་སྲུང་ལྡན་པའི་ ཐབས་ཤེས་ཅིག་བྱིནམ་ཨིན། དེ་གིས་སྦེ་ ཁྱོད་ཀྱི་གློག་འཕྲིན་དེ་ PGP བརྒྱུད་དེ་ བརྡ་གསང་ལུ་བསྒྱུར་བ་ཅིན་ གློག་འཕྲིན་ཐོབ་མི་དེ་གིས་མ་གཏོགས་ གཞན་ག་གིས་ཡང་ དེ་ལུ་འཛུལ་སྤྱོད་འབད་མི་ཚུགས། གནས་ཚུལ་མ་ལེགསཔ་ཅིག་ ག་ཅི་ཡོད་གོ་ཟེར་བ་ཅིན་ ཐབས་ཤེས་འདི་གཞི་བཙུགས་འབད་ནི་ལུ་ འཇམ་ཏོང་ཏོ་མེདཔ་ལས་ ལག་ལེན་འཐབ་མི་ ལེ་ཤ་མིན་འདུག།

པི་ཇི་པི་འདི་ ལྡེ་མིག་གཉིས་ བཟོ་སྐྲུན་འབད་མི་ གསང་རིག་ཅིག་ཨིན་མི་དེ་ཡང་ དེ་གིས་མི་མང་ལྡེ་མིག་གཅིག་དང་ སྒེར་གྱི་ལྡེ་མིག་གཅིག་ བཟོ་སྐྲུན་འབདཝ་ཨིན། མི་མང་ལྡེ་མིག་དེ་ གློག་འཕྲིན་བརྡ་གསང་ལུ་བསྒྱུར་ནིའི་དོན་ཨིནམ་དང་ སྒེར་གྱི་ལྡེ་མིག་དེ་ བརྡ་གསང་མེདཔ་བཟོ་ནིའི་དོན་ལུ་ཨིན། མིང་གིས་བརྡ་མཚོན་དོ་བཟུམ་སྦེ་ མི་མང་ལྡེ་མིག་དེ་ལུ་ ག་ར་གིས་ འཛུལ་སྤྱོད་འབད་ཚུགས་ནི་དང་ སྒེར་གྱི་ལྡེ་མིག་དེ་ ལག་ལེན་པ་རྐྱངམ་གཅིག་ལུ་ བདག་དབང་ཡོདཔ་ཨིན། ཁྱོད་ཀྱིས་པི་ཇི་པི་གིས་ བརྡ་གསང་ལུ་བསྒྱུར་ཡོད་པའི་ གློག་འཕྲིན་ཅིག་ མི་གཞན་ཅིག་ལུ་བཏང་པ་ཅིན་ གློག་འཕྲིན་དེ་ བརྡ་གསང་ལུ་བསྒྱུར་ནི་ལུ་ ཁོ་གི་པི་ཇི་པི་ལྡེ་མིག་དེ་དགོཔ་ཨིན།

ལྡེ་མིག་འདི་ གློག་འཕྲིན་ཐོབ་མི་ མི་ངོ་དེ་ལས་ ཡང་ན་ མི་མང་ལྡེ་མིག་གི་གློག་གནས་ཅིག་ནང་ལས་ཐོབ་ཚུགས། གློག་འཕྲིན་ཐོབ་མི་དེ་གིས་ ཁོ་རའི་སྒེར་གྱི་ལྡེ་མིག་དང་ དེ་དང་བསྟུན་པའི་གསང་ཡིག་གིས་ ཁ་ཕྱེ་ཚུགས། པི་ཇི་པི་ ལག་ལེན་འཐབ་ནི་ལུ་ ཁྱོད་ཀྱི་གློག་སྤྱོད་ (client) དེ་གིས་ ཞབས་ཏོག་དེ་ལུ་ རྒྱབ་སྐྱོར་འབད་དགོ།

རྒྱབ་སྣོན་རུང་བའི་ གློག་འཕྲིན་གྱི་ གློག་སྤྱོད་ཡང་ པི་ཇི་པི་ལུ་ ཁ་སྐོང་རྐྱབ་མི་ ‘Thunderbird’ ཡང་ན་ ཡོངས་གྲགས་ཅན་གྱི་ ‘Microsoft Outlook’ ཚུ་ཨིན།
པི་ཇི་པི་གིས་ ལཱ་ག་དེ་སྦེ་ འབདཝ་ཨིན་ན་གི་སྐོར་ལས་ བརྡ་དོན་ཁ་གསལ་ཚུ་ https://www.youtube.com/watch?v=1-MPcUHhXoc ནང་ལས་ཐོབ་ཚུགས།

སྐྱེལ་ས་ལས་ ལྷོད་ས་ཚུན་ཚོད་ བརྡ་གསང་ལྡན་པའི་ གློག་འཕྲིན་ཞབས་ཏོག་བྱིན་མི་ གཞན་མི་ཅིག་ ProtonMail ཨིན། ཞབས་ཏོག་འདི་གིས་ གནས་སྡུད་དེ་ ProtonMail གློག་གནས་ནང་ མ་བཏང་གོང་ལས་ གློག་འཕྲིན་དང་ ལག་ལེན་པའི་གནས་སྡུད་ཚུ་ བརྡ་གསང་ལུ་བསྒྱུརཝ་ཨིན། གློག་གནས་ཚུ་ སུ་ཡིད་ཛར་ལེན་གྱི་ གནས་སྡུད་ཉེན་སྲུང་ནང་ཡོདཔ་དང་ བརྡ་གསང་ལུ་བསྒྱུར་ནིའི་ ཐབས་རིག་དེ་ཡང་ ཨེསི་ཨེསི་ཨེལ་དང་ པི་ཇི་པི་ གཉིས་ མཉམ་བསྡོམས་འབད་འབདཝ་ཨིན། གསང་ཨང་འདི་ ཀུན་ཐོབ་མཉེན་ཆས་ཅིག་ཨིན། ‘Thunderbird’ དང་ དེ་དང་ཆ་འདྲ་བའི་ལག་ཆས་ ‘Evolution’ གི་བར་ན་ ཁྱད་པར་འདི་ ProtonMail འདི་ གློག་སྤྱོད་ཅིག་ཨིན་པ་མ་ཚད་ གློག་འཕྲིན་བྱིན་མི་ངོ་མ་ཅིག་ཨིན།