ཁྱོད་ཀྱིས་ འབྱུང་ཁུངས་ཚུ་ རང་གི་འབྲེལ་གཏུགས་པ་ཚུ་དང་གཅིག་ཁར་ འདྲི་བསྟུན་འབད་ཚར་བའི་ཤུལ་ལུ་ ཁྱོད་ཀྱི་དཔག་འཆར་དེ་གི་དོན་ལུ་ བདེན་ཁུངས་བཏུབ་མི་ག་ཅི་འདུག་ག་ གྲོས་ཐག་བཅད་དགོ། འཐུང་ཆུ་བཀྲམ་སྤེལ་འཕྲུལ་ཁང་དེ་གིས་ ཧེ་མ་དང་འཕྱདཔ་ད་ སྤུས་ཚད་བརྟག་དཔྱད་འབད་ནི་ མར་ཕབ་རྐྱབ་ཡོདཔ་སྦེ་ ཐག་བཅད་དེ་བཞག་ནི་ཨིན་ན? ཡང་ཅིན་ བརྟག་དཔྱད་མར་ཕབ་ལུ་བརྟེན་པའི་ གནོད་པ་ག་ཅི་ར་འདུག་ག་ བལྟ་ཞིབ་འབད་ནི་ཨིན་ན? བརྡ་བརྒྱུདཔ་ལེགས་ཤོམ་ཚུ་གིས་ ཁོང་རའི་དཔག་འཆར་ལུ་ རྒྱབ་སྐྱོར་འབད་མི་ སྒྲུབ་བྱེད་ཚུ་རྐྱངམ་ཅིག་ལུ་བལྟ་ནི་མེན་པར་ རྒྱབ་འགལ་འབད་མི་ སྒྲུབ་བྱེད་ཚུ་ལུ་ཡང་བལྟཝ་ཨིན། དཔེར་ན་ གཞུང་གི་འགོ་དཔོན་ གནམ་མེད་ས་མེད་ཕྱུགཔོ་ཅིག་གིས་ ཌོ་ལར་༡༠,༠༠༠ དེ་ཅིག་ ནང་གསུག་སྦེ་ མི་ལེནམ་འོང་ཟེར་ཁྱོད་ཀྱི་འབྱུང་ཁུངས་ཀྱི་ཁ་ཐུག་ལས་ དེབཟུམ་གྱི་སྒྲུབ་བྱེད་ལུ་ མནོ་བསམ་གཏང་འོང་ག? ད་རུང་ སྒྲུབ་བྱེད་དེ་ལུ་ བློ་གཏད་ཚུགས་མི་ཚུགས་དང་ ཆ་ཚང་ཡོད་མེད་ ག་ཏེ་ལས་བྱུང་ཡི་ག་ འཕྲལ་འཕྲལ་ར་ རང་གིས་རང་ལུ་འདྲི་དགོཔ་ད་ སྣ་མང་འབྱུང་ཁུངས་ཚུ་གིས་ དེ་ལུ་རྒྱབ་སྐྱོར་འབད་ཚུགས་ག་མི་ཚུགས་བལྟ་དགོ།

ག་ཅི་སྐོར་ལས་འབད་རུང་ སྒྲུབ་བྱེད་ཆ་ཚང་ ཐོབ་ཚུགས་ནི་འདི་ དཀོན་དྲགས་ཨིནམ་ སེམས་ཁར་བཞག་དགོ།རེ་ཚེ་སྐབས་ ཁྱོད་ཀྱིས་སྒྲུབ་བྱེད་ཚུ་ མཉམ་བསྡོམས་འབད་མི་ལས་ གྲུབ་འབྲས་གཞན་མི་ཅིག་ སྟོན་ཚུགསཔ་ཨིན། ག་ཅི་ར་ཨིན་རུང་ ཐེ་ཚོམ་དང་བྲལ་བའི་ བདེན་ཁུངས་སྟོན་མི་ཚུགས། ཁྱོད་ཀྱི་མཐའ་མཇུག་གི་གནས་ཚུལ་དེ་ ཧིང་སངས་ས་ཡོད་པ་ཅིན་ དེ་ཅིག་ར་ཨིན། ཨིན་རུང་ གནས་ཚུལ་ཅིག་འཐོན་འོང་ག་མི་ཤེས། འདི་འབདཝ་ད་ ཁྱོད་ཀྱིས་གནད་དོན་ལ་ལོ་ཅིག་བཀོད་ཐངས་ལུ་ དྲན་པ་བཏོན་དགོ།