རང་ལུ་དགོ་པའི་ འབྱུང་ཁུངས་ ཡང་ན་ ཡིག་ཆ་ཚུ་ འཚོལ་ནི་དེ་ འཇམ་ཏོང་ཏོ་མེད། ཐབས་ལམ་ ཟེར་མི་ཚིག་འདི་ སློབ་རིག་གི་ཞིབ་འཚོལ་དང་ འབྲེལ་བ་ཡོདཔ་ཨིན་རུང་ ཁྱོད་ཀྱི་ཞིབ་དཔྱད་ཀྱི་དོན་ལུ་ ལཱ་འབདཝ་ད་ ལག་ལེན་འཐབ་ནིའི་ ཐབས་ཤེས་ཅིག་ཨིན། ཁྱོད་ལུ་ཡིག་ཆས་དབྱེ་ཞིབ་འབད་ནི་དང་ དངོས་སུ་འབྲི་བ་དྲི་ལན་འབད་ནི་ ས་ཁོངས་ལུ་ལྟ་བསྐོར་འབད་ནི་བརྩིས་ཏེ་ ཐབས་ལམ་ལེ་ཤ་ཅིག་ལུ་བརྟེན་དགོ། ཁྱོད་ཀྱིས་འབྱུང་ཁུངས་ག་དང་ག་ལག་ལེན་འཐབ་ནི་ཨིན་ན་ རེ་རེ་ལུ་ དུས་ཚེད་ག་དེམ་རེ་བྱིན་ནི་ཨིན་ན་ ཁྱོད་རའི་ཞིབ་འབྲས་ཚུ་ ག་དེ་སྦེ་ བདེན་དཔྱད་འབད་ནི་ཨིན་ན་ ཐག་བཅད་དགོ།

ཐབས་ལམ་གྱི་འཆར་གཞི་ བརྩམ་པའི་སྐབས་ལུ་ ཁག་ཆེ་ཏོག་ཏོ་ཅིག་ བར་ཆད་འབྱུང་སྲིད་པའི་ཉེན་ཁ་ སེམས་ཁར་བཞག་གོ། དེ་ཡང་ ཁྱོད་ལུ་དགོ་པའི་ ཡིག་ཆ་དེ་ ཐོབ་མ་ཚུགསཔ་ ཡང་ན་ འབྱུང་ཁུངས་གཙོ་ཅན་དེ་གིས་ ཁྱོད་ལུ་ལོ་རྒྱུས་ སླབ་མ་བཏུབ་པ་ཅིན་ ཁྱོད་ཀྱི་འཆར་གཞི་༢ པ་དེ་ ག་ཅི་ཨིནམ? ལྗིད་ཚད་མཉམ་པའི་ རྒྱབ་སྐྱོར་ ཡང་ན་ བདེན་ཁུངས་ཀྱི་ སྒྲུབ་བྱེད་གཞན་ ཐོབ་ཐབས་ཡོད་ག?

ཁྱོད་རའི་ཐབས་ལམ་གཏན་འཁེལ་བཟོ་ཞིནམ་ལས་ ཞིབ་དཔྱད་ཀྱི་དོན་ལུ་ འཆར་དངུལ་དང་བཅས་པའི་ འབྱུང་རིམ་ཅིག་བཟོ་དགོ། འབྱུང་རིམ་དེ་ཡང་ ཁྱོད་ཀྱི་ཞིབ་དཔྱད་དེ་ལུ་ དུས་ཡུན་ག་དེམ་ཅིག་ འགོར་འོང་ག་ ཕོ་ཚོད་དཔག་ནི་གི་དོན་ལུ་ཨིན། འབྱུང་རིམ་དེ་ནང་ ཡིག་རིགས་ལྷག་ནི་དང་ དྲི་བ་དྲི་ལན་འབད་ནི་ ཡོངས་འབྲེལ་འཆར་སྒོ་ནང་འཚོལ་ནི་ གནས་ཚུལ་འབྲི་ནི་ཚུ་ རེ་རེ་བཞིན་དུ་ལུ་ ཆུ་ཚོད་ག་དེམ་རེ་ དགོཔ་ཨིན་ན་བཀོད་དགོ།

ལས་སྣ་སོ་སོའི་དོན་ལུ་ དུས་ཚོད་འགོར་དོ་བཟུམ་སྦེ་ འབྱུང་རིམ་བཀོད་པའི་སྐབས་ གནད་དོན་གལ་ཅན་གཉིས་ཡོད་མི་དེ་ཡང་ ཞག་དུས་དང་ གཞན་གྱི་ཧེ་མ་བཏོན་དགོ་པའི་ འགྲན་བསྡུར་དེ་ཨིན། གནས་ཚུལ་དེ་བཏོན་ནི་གི་ཚེས་གྲངས་ ཧེ་མ་ལས་ གཏན་འཁེལ་བཟོ་ཚར་བ་ཅིན་ དྲི་བ་དྲི་ལན་དང་ ཞིབ་འཚོལ་འབད་དགོཔ་ཚུ་ དུས་ཚོད་དེ་ཁར་ཚུདཔ་སྦེ་འབད་དགོ། ཁྱོད་ཀྱི་གནས་ཚུལ་དེའི་སྐོར་ རྩོམ་སྒྲིགཔ་ལུ་ ངོ་སྤྲོད་འབདཝ་ཨིན་པ་ཅིན་ ཁྱོད་ཀྱི་ངོ་སྤྲོད་དེ་ནང་གནས་ཚུལ་དེ་ ནམ་གྲ་སྒྲིག་ཚུད་འོང་ག་ ཚེས་གྲངས་ཀྱི་ཕོ་ཚོད་ཅིག་བཀོད་དགོ། ཁྱོད་ཀྱིས་འབྱུང་རིམ་ཅིག་ བཟོ་སྟེ་ཡོད་པ་ཅིན་ དུས་ཚོད་ཀྱི་སྐོར་ལས་ ལོ་རྒྱུས་སླབ་ནི་ལུ་ བྱ་སྟབས་བདེཝ་ཨིན།

གནས་ཚུལ་གྱི་བརྗོད་དོན་དེ་ མི་མང་ལུ་ སྤྲོ་བ་སྦོམ་འབྱུང་ཚུགས་ནི་ཅིག་ཨིན་པ་ཅིན་ རང་དང་འགྲན་བསྡུར་འབད་མི་ བརྡ་བརྒྱུད་གཞན་གྱིས་ཡང་ གནདདོན་དེ་ལུ་ བལྟ་དོ་ཡོདཔ་འོང་། དེ་ལུ་བརྟེན་ཏེ་ གནས་ཚུལ་དེ་ ག་དེ་མགྱོགས་མགྱོགས་བཏོན་དགོ་པའི་ འགན་ཁག་ཐེབས་ཅིག་ཕོགཔ་ཨིན། དེ་འབདཝ་ད་ ཞིབ་བརྟག་གནས་ཚུལ་ཚུ་ ག་ཐོབ་སྦེ་བཏོན་ནི་དང་ ཟད་འགྲོ་ཕབ་སྟེ་བཏོན་པ་ཅིན་ ཁྲིམས་ལུགས་དང་འབྲེལ་བའི་ དཀའ་ངལ་ཚུ་འཐོན་འོང་། ཁྱོད་ལུ་འབྱུང་རིམ་ཅིག་ བཟོ་སྟེ་ཡོད་པ་ཅིན་ ཞིབ་དཔྱད་མཇུག་མ་བསྡུ་རུང་ འོས་འཚམས་ལྡན་པའི་གནས་ཚུལ་ཅིག་ བཏོན་ཚུགས་ནི་གི་ དུས་ཚོད་ཅིག་ ཐག་བཅད་ཚུགས།