༢.༡ རང་ཚོར་ལུ་ ཤུགས་ཐལ་བ།


གནས་ཚུལ་གྱི་ གནས་སྐབས་ཅིག་གི་སྐོར་ལས་ ལཱ་འབད་བའི་སྐབས་ དཀའ་ངལ་ཁག་གཉིས་འཐོན་སྲིད། དང་པ་ ཚད་སྙོམས་ཅན་གྱི་ཞིབ་བརྟག་འབད་བའི་སྐབས་ལུ་ ཚོར་སྣང་འབྱུང་འོང་། གནས་ཚུལ་དེ་ལུ་ དྲང་བདེན་མིན་པའི་ ཁོང་འཁྲོ་ཅན་གྱི་ གནད་དོན་གྱིས་གང་སྟེ་ཡོདཔ་ལས་ མི་མང་འགོ་དཔོན་ཚུ་གི་ བྱ་སྤྱོད་ཚུ་ལུ་བལྟ་སྟེ་ ཁྱོད་གནམ་མེད་ས་མེད་ ཙིགཔ་ཟ་འོང་། དེ་གི་སྐབས་ལུ་ བརྡ་བརྒྱུད་ཀྱི་ལྟ་བ་ལས་མ་འགལ་བར་ རང་གི་ཚོར་སྣང་དྲག་པོ་ལུ་ གདོང་ལེན་འབད་དེ་ བློ་གཏད་རུང་བའི་ བསླབ་སྟོན་པ་ ཡང་ན་ ཆ་རོགས་ཚུ་ལུ་ ལོ་རྒྱུས་སླབ་ཞིནམ་ལས་ བདེན་ཁུངས་ལུ་བརྟེན་པའི་ གནས་ཚུལ་ཅིག་ཨིནམ་ ངེས་གཏན་བཟོ་ནི་ལུ་ རྩ་འགེངས་དགོ།

དཀའ་ངལ་འབྱུང་ཉེན་ གཞན་མི་གཅིགཔོ་འདི་ རང་གི་ཚོར་སྣང་གི་ཉམས་མྱོང་དེ་ གཞན་གྱི་ཉམས་མྱོང་མེནམ་འོང་། རང་ལུ་དཀའ་ངལ་མྱོང་དོ་བཟུམ་སྦེ་ར་ གཞན་མི་ག་དེམ་ཅིག་ལུ་ མྱོངས་ནུག་ག་ ཧ་གོ་དགོཔ་གལ་ཆེ། ཁྱོད་ར་ བརྡ་བརྒྱུདཔ་ཅིག་ཨིན་པའི་ཆ་ལས་ ཡང་ན་ ཕོ་སྐྱེས་ཅིག་ཨིན་པའི་ཆ་ལས་ ཡང་ན་ ཤེས་ཡོན་ཅན་ཅིག་ཨིན་པའི་ཆ་ལས་ ཁྱོད་ལུ་བརྩི་མཐོང་སོ་སོ་བསྐྱེད་པའི་ ཉམས་མྱོང་ཐོབ་ཅི་ག། གཞན་མི་ག་དེམ་ཅིག་ལུ་ དེ་བཟུམ་མའི་ཉམས་མྱོང་ཐོབ་ནུག? དཀའ་ངལ་དེ་ ཉིན་རིམ་བཞིན་དུ་བྱུངམ་ཨིན་ན་ ཡང་ན་ ཁྱོད་ལུ་ཐེངས་གཅིག་ བྱུང་མི་དེ་རྐྱངམ་གཅིག་ཨིན་ན? གནས་ཚུལ་ནང་ལུ་ འབྱུང་རྐྱེན་ཕུད་རྡོག་གཅིག་གི་སྐོར་མེན་པར་ དེ་ལས་ལྷག་སྟེ་ཚུད་དགོ། རང་གི་ཚོར་སྣང་བཀོད་ས་དེ་ བསམ་འཆར་གྱི་ས་གོ་ནང་མ་གཏོགས་ ཞིབ་བརྟག་གནས་ཚུལ་ནང་མེན། ཁྱོད་ཀྱི་གནས་ཚུལ་དེ་ རང་རྐྱང་གི་དཀའ་ངལ་ལས་ལྷག་སྟེ་ གཞན་གྱི་དཀའ་ངལ་ཡང་ཨིན་པའི་ ཁུངས་བདེན་གནས་ཚུལ་ཅིག་ཨིནམ་ ངེས་གཏན་བཟོ་ཐབས་ལུ་ རྒྱུ་མཚན་འཚོལ་ཏེ་ སྐབས་དོན་ཧ་གོཝ་འབད་དགོ་པའི་གུ་ མི་སོ་སོ་དང་གཅིག་ཁར་ བློ་སླབ་དགོ།

ཁྱོད་རའི་མཉམ་རོགས་དང་ ཆ་རོགས་ཚུ་ལས་ཐོབ་པའི་ ལོ་རྒྱུས་དང་ གསང་བའི་བརྡ་དོན་ཚུ་ཡང་ དེ་བཟུམ་ཅིག་ཨིན། ཁོང་ལུ་བྱུང་མི་ཉམས་ཚོར་དེ་ ངེས་བདེན་ཨིན་རུང་ གཞན་ལུ་དར་ཁྱབ་མེདཔ་དང་ ཕྱོགས་ལྷུང་ཅན་འོང་སྲིད། དཀའ་ངལ་ཐད་ཀར་དུ་ མ་མྱོངས་མི་ ཆ་རོགས་ཚུ་ལས་ཐོབ་པའི་ གཞན་བརྒྱུད་བརྡ་དོན་ཚུ་ཡང་ ངེས་དཔྱད་འབད་དགོ། ལོ་རྒྱུས་སླབ་མི་དེ་གི་ མིང་དང་ཁ་བྱང་ཚུ་ ངོས་འཛིན་བྱུང་བའི་ཁར་ དྲི་བ་དྲི་ལན་ འབད་ས་གཅིག་ མ་ཐོབ་ཚུན་ཚོད་ ལོ་རྒྱུས་དེ་ འཐོར་གཏམ་ ཡང་ན་ ཁྲོམ་ཁའི་བཤད་ཐོ་ཅིག་སྦེ་ ཆ་བཞག་དགོ། ཉམས་ཚོར་དེ་ཚུ་ ཞིབ་བརྟག་ལེགས་ཤོམ་གྱི་དོན་ལུ་ འགོ་བཙུགས་ཀྱི་ གནད་དོན་ཙམ་ཅིག་སྦེ་བཞག་དགོ།

དེའི་ཁ་སྐོང་ལུ་ ཞིབ་བརྟག་བརྡ་བརྒྱུད་ལྟེ་བའི་ (Centre for Investigative Journalism) བསླབ་བྱ་ཚུ་ སེམས་ཁར་བཞག་དགོ། དེ་ཡང་ ཁྱོད་ཀྱིས་ངོ་ཤེས་མི་ ལ་ལོ་ཅིག་ གསང་བའི་བརྡ་དོན་ ཕྱིར་བཤད་འབད་མ་ཆོག་པའི་ ལཱ་འགན་འབག་མི་ཨིནམ་འོང་། དེ་ཡང་ དཔེར་ན་ ཁྲིམས་སྲུང་འགག་པ་བཟུམ་ཅིག་ཨིན། རྒྱུ་མཚན་འདི་ལུ་བརྟེན་ཏེ་ རང་གི་ཆ་རོགས་ ཡང་ན་ ཁྱིམ་ཚང་ཨིནམ་ཙམ་གྱིས་ ཁྱོད་ལུ་བརྡ་དོན་བྱིན་ནི་ལུ་ ཆ་རོགས་འོང་མནོ་བའི་ རེ་ཆི་མ་བསྐྱེད། དེ་གིས་ཁོང་ལུ་ ལཱ་ཁག་གཏང་འོང་། ནམ་རང་འབད་རུང་ མི་ངོ་ཅིག་གི་སྐོར་ལས་ གནས་ཚུལ་མ་བཀོད་གོང་ལས་ མི་ངོ་དེ་ལས་གནང་བ་ལེན་དགོ།